རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ལེན་པར་བོད་མིའི་ཐོབ་ཐང་རྣམས་ལེན་མི་ཆོག་པ།

རྒྱ་གར་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་བོད་མི་སྐྱབས་བཅོལ་བ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་རྒྱུར་སྙན་ཞུ་ཕུལ་མཁན་རྣམས་ལ་བཟོས་པའི་ཁྲིམས་གསར་ནང་། བོད་པའི་གཞིས་ཆགས་ཁག་གང་དུ་ཡང་སྡོད་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཁེ་ཕན་རྣམས་ལེན་མི་ཆོག་པའི་སྐོར་འཁོད་ཡོད་འདུག

དེ་ཡང་རྒྱ་གར་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཁྲིམས་གསར་པའི་ནང་སྐྱབས་བཅོལ་བོད་མི་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་པར་སྙན་ཞུ་ཕུལ་མཁན་ཚོས་ངེས་པར་དུ་སྒྲུབ་དགོས་པའི་དོན་ཚན་བཞི་འཁོད་ཡོད་པ་ནི།

༡༽ རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་(RC)དང་། ཕྱི་བསྐྱོད་ལག་དེབ་སེར་པོ་(IC) གཉིས་མེད་པ་བཟོ་དགོས།

༢༽ རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་རྒྱུར་སྙན་ཞུ་འབུལ་མཁན་ཚོ་སྐྱབས་བཅོལ་བོད་པའི་གཞིས་ཆགས་གང་དུ་ཡང་སྡོད་མི་ཆོག་པ།

༣༽ རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་རྒྱུར་སྙན་ཞུ་འབུལ་མཁན་ཚོས་བོད་མིའི་སྒྲིག་འཛུགས་ནས་གནང་བའི་ཁེ་ཕན་རྣམས་ལ་ལོངས་སུ་སྤྱོད་རྒྱུ་མིན་པ་ཤོག་བུ་དཀྱུས་མའི་ཐོག་བྲིས་ནས་འགན་ལེན་བྱེད་དགོས།

༤༽ རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་རྒྱུར་སྙན་ཞུ་འབུལ་མཁན་ཚོས་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་དེབ་རག་མཁན་ཚོར་ཐོབ་བཞིན་པའི་འཚོ་སྣོན་ལྟ་བུའི་ཐོབ་ཐང་རྣམས་གཏན་ནས་ལེན་རྒྱུ་མིན་པ་ཤོག་བུ་དཀྱུས་མའི་ཐོག་བྲིས་ནས་འགན་ལེན་བྱེད་དགོས་པ་བཅས་འཁོད་འདུག

དེ་སྔོན་ཕྱི་ལོ་༢༠༡༦ ལོའི་ཕྱི་ཟླ་༩ པའི་ནང་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་བསྒྲགས་པའི་བཀའ་རྒྱ་ཞིག་གི་ནང་ནང་། ཕྱི་ལོ་༡༩༥༠ ལོའི་ཕྱི་ཟླ་༡ པོ་ནས་༡༩༨༧ ལོའི་ཕྱི་ཟླ་༧ པའི་བར་དུ་རྒྱ་གར་ནང་སྐྱེས་པའི་བོད་མི་ཚང་མ་རྒྱ་གར་གྱི་མི་སེར་བྱེད་ཆོག་པ་དང་། དེ་དག་ལ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ངེས་པར་དུ་སྤྲད་དགོས་པའི་བཀའ་རྒྱ་བཀྲམ་རྗེས་ནས་བཟུང་། བོད་མི་མི་ཉུང་བ་ཞིག་གིས་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་དེབ་ཐོབ་ཆེད་དུ་སྙན་ཞུ་ཕུལ་ཡོད་པ་མ་ཟད། ཁག་ཅིག་ལ་རག་ཀྱང་ཡོད་འདུག འོན་ཀྱང་། ད་ཐེངས་ཀྱི་ཁྲིམས་གསར་པ་འདི་ལ་བརྟེན་ནས་བོད་མི་རྣམས་ཀྱིས་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ལེན་པར་དཀའ་རྙོག་ཅིག་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།