རྒྱ་གར་འཛམ་གླིང་ཐོག་དཔལ་འབྱོར་འཕར་ཚད་མགྱོགས་ཤོས་དེ་ཆགས་འདུག

ཟླ་འདིའི་ཚེས་༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་འཕར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་དང་། འབྱུང་འགྱུར་ལོ་ཤས་ཀྱི་ནང་རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པ་དེ་ཆགས་རྒྱུའི་གནས་ཚུལ་ཐོན་འདུག

 ཕྱི་ལོ་༢༠༢༣ ་ལོའི་ཕྱི་ཟླ་བཅུ་པ་ནས་ཟླ་བ་གསུམ་གྱི་རིང་། རྒྱ་གར་གྱི་དཔལ་འབྱོར་འཕར་ཚད་དེ་༨.༤% ཟིན་པར་བརྟེན། རྒྱ་གར་ནི་འཛམ་གླིང་ཐོག་དཔལ་འབྱོར་འཕར་ཚད་མགྱོགས་ཤོས་ཀྱིི་རྒྱལ་ཁབ་དེ་ཆགས་ཡོད་འདུག

རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་སྤྱི་ཚོགས་བརྒྱུད་ལམ་ཨེ་སི་(X) ་སྟེང་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དེ་ཡིས་རྒྱ་གར་གྱི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཕན་ནུས་མངོན་ཡོད་ཅེས་སྤེལ་འདུག ད་ལྟའི་ཆར་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པ་འཇར་མན་དང་གསུམ་པ་ཉི་ཧོང་ཡིན་ཡང་། འབྱུང་འགྱུར་ལོ་ཤས་ནང་རྒྱ་གར་གྱིས་འཛམ་གླིང་ཐོག་དཔལ་འབྱོར་ཨང་གསུམ་པའི་གོ་གནས་ལེན་སྲིད་པ་རེད་འདུག

རྒྱ་གར་གྱི་བཟོ་སྐྲུན་ཚོང་ལས་ཀྱི་དཔལ་འབྱོར་འཕར་ཚད་དེ་༡༡.༦% ་ཟིན་པས་སྔོན་དཔག་བྱས་པ་ལས་བརྒལ་ཡོད་འདུག་པ་དང་། རྒྱ་གར་ནང་སྒེར་གྱི་ཉེར་སྤྱོད་(Private consumption) ་ཀྱིས་རྒྱལ་ནང་ཐོན་སྐྱེད་ཕྱོགས་བསྡོམས་(GDP) ་ཀྱི་གསུམ་ཆ་གཉིས་ཟིན་གྱི་ཡོད་པ་དེ་ཡང་བརྒྱ་ཆ་༣.༥% ་འཕར་ཡོད་འདུག

དེ་བཞིན་གཏེར་འདོན་ལས་རིགས་དང་ཉོ་ཚོང་། མགྲོན་ཁང་གཉེར་བ་དང་སྐྱེལ་འདྲེན་གྱི་ལས་རིགས། འབྲེལ་ལམ་སོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་ཡང་འཕར་ཡོད་འདུག ཡིན་ན་ཡང་། ཆར་དུས་སུ་ཆར་ཆུ་དཀོན་པ་སོགས་ཀྱིས་རྒྱ་གར་ནང་དཔལ་འབྱོར་གྱི་བརྒྱ་ཆ་༡༥% ་ཟིན་པའི་ཞིང་ལས་ཐོན་སྐྱེད་ཀྱི་དཔལ་འབྱོར་བརྒྱ་ཆ་༠.༨% ་ཆག་ཡོད་པ་མ་ཟད། ཞིང་པའི་དཀའ་ངལ་དེ་མུ་མཐུད་ལྷག་བཞིན་ཡོད་འདུག

ན་ནིང་རྒྱ་གར་ནང་རྒྱུན་ཟས་གཙོ་བོ་ཙོང་སོགས་ཀྱི་རིན་གོང་འཕར་ནས་མི་རྣམས་ཀྱི་ཉེར་སྤྱོད་བྱ་རྒྱུ་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། རྒྱ་གར་གཞུང་གིས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཟས་རིགས་ཀྱི་རིན་གོང་འཕར་བར་བཀག་འགོག་བྱས་ཡོད་འདུག

བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གཞུང་གིས་རིན་ཐང་ཧིན་སྒོར་ཐེར་འབུམ་༡.༢༦ ་ཟིན་པའི་གློག་འདྲེན་ཕྱེད་གཟུགས་(Semiconductor) ་བཟོ་གྲྭ་གསུམ་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་མ་ཟད་རྒྱ་གར་གྱིས་ཁ་པར་དང་གློག་ཆས་ཀྱི་རིགས། མི་མེད་གནམ་གྲུ་སོགས་བཟོ་རྒྱུའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་སྔོན་དཔག་བྱས་པར་གཞིགས་ན། ཕྱི་ལོ་༢༠༢༤ ལོར་རྒྱ་གར་གྱི་དཔལ་འབྱོར་བརྒྱ་ཆ་༦.༥% འཕར་རྒྱུ་དང་རྒྱ་ནག་གི་དཔལ་འབྱོར་ནི་བརྒྱ་ཆ་༤.༦% འཕར་རྒྱུ་ཡིན་པར་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་ལ་མཁར་དབང་ཚོང་ལས་ཉམས་ཉེས་དང་ན་གཞོན་ལས་མེད་ཀྱི་གྲངས་ཀ་མང་བའི་དཀའ་ངལ། དངུལ་ལོར་གྱི་རིན་ཐང་ཆག་གཞིའི་ཉེན་ཁ་འཕྲད་བཞིན་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པས་འཛམ་གླིང་ཐོག་དཔལ་འབྱོར་ཨང་གཉིས་པ་ཡིན་པའི་རྒྱ་ནག་ལ་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།