རྒྱ་གར་རང་བཙན་ཉིན་མོར་མཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ།

ཟླ་འདིའི་ཚེས་༡༥ ནི་རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་༧༠ པ་དེ་ཡིན་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྒོ་རུ་བོད་མིའི་སྒྲིག་འཛུགས་མཛད་གཙོ་རྣམས་པ་མཉམ་ཞུགས་ཐོག སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་དུས་མཉམ་རྒྱ་གར་གྱི་རྒྱལ་གླུ་བཏང་ཡོད་པ་རེད།

13957606_1231352083575866_509379386_nསྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཉིན་མོ་དེ་དང་འབྲེལ་ནས་གསར་འགོད་པ་ཚོར་ “དེ་རིང་རྒྱ་གར་རང་བཙན་ཐོབ་ནས་ལོ་༧༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་རེད། དེའི་ཐོག་ལ་ངས་བོད་མིའི་སྒྲིག་འཛུགས་དང་འཛིན་སྐྱོང་བཀའ་ཤག་སྤྱི་དང་། བོད་མི་ཚང་མའི་ཚབ་ཞུས་ནས། རྒྱ་གར་གཞུང་དང་མི་མང་ཚང་མར་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། རྒྱ་གར་དབུས་གཞུང་དང་རྒྱལ་ཡོངས་མི་མང། ཧི་མ་ཅལ་གཞུང་དང་མི་མང་། གཞན་ཡང་མངའ་སྡེ་མང་པོ་ཞིག འདས་པའི་ལོ་༦༠ ཡི་ནང་ལ་བོད་པར་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད། དེ་རིང་གོ་སྐབས་འདི་བརྒྱུད་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་འབྱུང་འགྱུར་ལོ་གཅིག་ནང་། དར་རྒྱས་ཕུན་སུམ་ཚོགས་པ་དང་ཆར་ཆུ་དུས་སུ་བབ་པ། ལོ་བཅུད་རྟག་ཏུ་ལེགས་པ། མི་མང་རྣམས་ལ་བདེ་སྐྱི་དང་ལྡན་པ། གཞུང་མངའ་ཐང་དང་ལྡན་པ་ཡོང་བར་བོད་པའི་ངོས་ནས་སྨོན་འདུན་ཞུ་ཡི་ཡོད་ཅེས་ཞུ་རྒྱུ་ཡིན།”ཅེས་གསུངས་སོང་།

ཁོང་གིས་དེ་བཞིན་བོད་དེ་ཉིད་རང་བཙན་མེད་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་བོད་མིར་ཚོར་ཉིན་མོ་དེ་ག་འདྲ་མཚོན་གྱི་ཡོད་སྐོར་ལ་ “རྒྱ་གར་དེ་ཉིད་སྟོབས་ཆེན་དབྱིན་ཇི་རྒྱལ་ཁབ་འོག་ནས་རང་བཙན་ཐོབ་པ་རེད། བོད་མི་དང་འབྲེལ་བ་ཆེ་ཤོས་དེ་ནི་སེམས་དཔའ་ཆེན་པོ་གྷན་རྡི་ཡིས་དབུ་ཁྲིད་པས། འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས། ལོ་ག་ཚོད་འགོར་མིན་ལ་མ་ལྟོས་པར་རྒྱལ་ཁ་བླངས་ཡོད་པ་རེད། ད་ལྟ་ང་ཚོའི་གནས་སྟངས་དཀའ་ལས་ཁག་པོ་མཐོང་གི་ཡོད་ནའང་། འབད་བརྩོན་བྱས་ཏེ་སྙུགས་སྲིང་ནས་འཚེ་མེད་ཞི་བའི་ལས་མ་བསྟེན། དབུ་ཁྲིད་ཀྱི་བཀའ་ལ་བརྩིས་ནས་དང་ལེན་བྱས་ན། ཉིན་ཞིག་འཐབ་རྩོད་ལ་གྲུབ་འབྲས་ཡོང་བའི་ཡིད་ཆེས་བྱེད་ཆོག་གི་རེད་བསམ་གྱི་འདུག”ཅེས་གསུངས་སོང་།

དྷ་སའི་ཉེ་འགྲམ་ཀ་ཅྰ་རི་ཉེན་རྟོག་པའི་རྩེད་ཐང་སྟེང་དུ་དྷ་སའི་རྒྱ་གར་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་ཡོད་པ་དང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གཉིས་དང་། དྷ་ས་ས་གནས་འགོ་འཛིན་སོགས་བོད་མི་ཁག་ཅིག་མཉམ་ཞུགས་བྱས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།