རྒྱ་གར་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་བཀའ་རྒྱ་ཕྱི་ཟླ་ ༥ ཚེས་ ༣ བར་ཕར་འགྱངས་བྱས་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཁྱབ་ཚད་བཀག་འགོག་ཆེད་དུ། རྒྱ་གར་གཞུང་ནས་ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་ཟླ་རྗེས་མའི་ཚེས་ ༣ བར་ལག་བསྟར་བྱེད་རྒྱུ་ཡིན་ཚུལ་་བསྒྲགས་འདུག
དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༡༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོའི་ཆུ་ཚོས་ ༡༠ པའི་ཐོག་རྒྱ་གར་གྱིས་སྲིད་བློན་མོ་དྷིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་གདོང་ལེན་བྱེད་ཕྱོགས་དང་འབྲེལ་བའི་གསུང་བཤད་ཅིག་གནང་བའི་ནང་། རྒྱ་གར་རྒྱལ་ཡོངས་ཀྱི་མི་མང་ཐེར་འབུམ་ ༡.༣ ཁྱིམ་དུ་སྡོད་པའི་བཀའ་རྒྱ་དེ་མུ་མཐུད་ཟླ་ ༥ ཚེས་ ༣ བར་ཕར་འགྱངས་བྱས་ཡོད་ཚུལ་བཤད་འདུག
ཐད་གཏོང་གྱི་བརྙན་འཕྲིན་བརྒྱུད་དེ་གནང་བའི་གསུང་བཤད་དེའི་ནང་། སྲིད་བློན་མོ་དྷིས་བརྗོད་དོན། “སྤྱི་ཚོགས་རྒྱང་བཀྱེད་དང་ཁྱིམ་སྡོད་བཀའ་རྒྱ་གཉིས་ཀྱིས་རྒྱལ་ཁབ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དཔལ་འབྱོར་གྱི་ཐོག་ནས་བལྟས་ན། གྱོང་གུན་ཚབས་ཆེན་ཕོག་ཡོད་ཅིང་། ང་ཚོས་རིན་དོད་་ཆེན་པོ་ཞིག་འཇལ་དགོས་བྱུང་ཡོད། འོན་ཀྱང་། དེ་རྒྱ་གར་མི་མང་གྱི་ཚེ་སྲོག་དང་བསྡུར་ན་བསྡུར་རིན་མེད་པ་ཞིག་རེད།”
གཞན་ཡང་། ཁོང་གིས་ཕྱི་ཟླ་ ༤ ཚེས་ ༢༠ བར་དུ་ནད་ཡམས་དེར་བཀག་འགོག་དང་། སྟངས་འཛིན་ལེགས་པོ་བྱས་ཏེ་རྒྱ་ཁྱབ་ཏུ་འགྲོ་རུ་མི་འཇུག་མཁན་གྱི་ས་ཁུལ་དག་ལ་ཅུང་ཟད་གུ་ཡངས་བཏང་ནས་ཉེར་མཁོའི་འགུལ་སྐྱོད་བྱེད་དུ་འཇུག་རྒྱུ་ཡིན་མོད། དེ་ཡང་དམིགས་བསལ་ཆ་རྐྱེན་ཡོད་ཚུལ་གསུངས་པའི་ཐོག “ཚོང་དང་ལས་རིགས་ནང་སོ་སོ་དང་ལྷན་དུའམ། སོ་སོའི་འོག་ཏུ་ལས་ཀ་བྱེད་མཁན་ཚོར་སྙིང་རྗེས་གཟིགས་རོགས། ཐུགས་རྗེས་གཟིགས་ནས་སུ་གཅིག་ཀྱང་ཕྱིར་འཕུད་མ་གནང་རོགས་”ཞེས་ཚོང་ལས་དང་ལས་རིགས་ཀྱི་སྤྱིན་བདག་ཚོར་རེ་སྐུལ་གནང་འདུག
ཝུའུ་ཝན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་ཐོའི་གཞི་འཛིན་ས་གཙོ་བོ་སྟེ། ཇོན་སི-ཧོབ་ཁིན་སི་སློབ་ཆེན་(Johns Hopkins University)གྱི་གྲངས་ཐོར་གཞིགས་ན། ད་ལྟའི་ཆར་རྒྱ་གར་དུ་ཁྱོན་ནད་པ་ ༡༠,༤༥༣ དང་། ཤི་བ་ ༣༥༨ ཡོད་འདུག