རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོ་ཉིན་གསུམ་རྗེས་སུ་འགོ་འཛུགས་བྱ་རྒྱུ་རེད་འདུག

ཟླ་འདིའི་ཚེས་༡༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་འོས་ཤོག་བླུག་མཁན་ཐེར་འབུམ་གཅིག་ལ་ཉེ་བ་ཟིན་གྱི་ཡོད་པ་དང་། གྲངས་འབོར་དེ་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་མི་འབོར་ཁྲོད་མི་བརྒྱད་ནས་གཅིག་གིས་འོས་བླུག་གི་ཡོད་འདུག་ལ་འོས་བསྡུའི་ལས་རིམ་དེ་ནི་ད་བར་མང་གཙོའི་བྱེད་སྒོ་ཆེ་ཤོས་སུ་འགྱུར་བཞིན་ཡོད་འདུག

ཕྱི་ཟླ་༤ ་ཚེས་༡༩ ་ཉིན་ནས་རྒྱ་གར་གྱི་མ་འོངས་ལོ་ལྔའི་གྲོས་ཚོགས་འཐུས་མི་གསར་པ་འདེམས་འགོ་འཛུགས་ཀྱི་ཡོད་པ་དང་སྲིད་བློན་མོ་དྷི་ཡིས་མུ་མཐུད་སྲིད་བློན་གྱི་དུས་ཡུན་གསུམ་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག  ཕྱི་ལོ་༡༠༡༩ ལོར་བྷི་ཇི་པིའི་ཆབ་སྲིད་ཚོགས་པ་ལ་གྲོས་ཚོགས་ཀྱི་ཞབས་སྟེགས་༥༤༣་ནས་༣༠༣ ཐོབ་ཡོད་པ་དང་ལོ་འདིའི་ནང་གྲོས་ཚོགས་ཀྱི་ཞབས་སྟེགས་ཉུང་མཐར་༣༧༠ ཐོབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་འདུག

ཉེ་ཆར་བསམ་ཤོག་བསྡུ་ལེན་གྱི་གྲུབ་དོན་ལྟར་ན། རྒྱ་གར་གྱི་བྷ་ཇི་པི་(BJP) ་ཆབ་སྲིད་ཚོགས་པའི་མཐུན་ཕྱོགས་ཚོགས་པ་ཁག་ལ་རྒྱལ་ཁ་ཕྲན་བུ་འཐོབ་བཞིན་ཡོད་པ་དང་། ཆབ་སྲིད་ཚོགས་པ་དེ་ཡིས་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཀོང་རེ་སེས་མགོ་ཁྲིད་པའི་མཉམ་འབྲེལ་ཆབ་སྲིད་ཚོགས་པ་ཨིན་ཌི་ཡ་(India) ་ཞེས་པར་ཁ་གཏད་གཅོག་གི་ཡོད་འདུག ཕྱི་ལོ་༢༠༡༤ ་ལོ་བྷི་ཇི་པི་ཆབ་སྲིད་ཚོགས་པ་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་བར་ཨིན་ཌི་ཡ་ཞེས་པའི་ཆབ་སྲིད་ཚོགས་པ་ནི་རྒྱ་གར་ནང་དབང་ཤུགས་ཆེ་ཤོས་ཀྱི་ཆབ་སྲིད་ཚོགས་པ་ཤིག་གྱུར་ཡོད་འདུག

ཉེ་ཆར་རྒྱལ་ཡོངས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ཁག་ཅིག་ལ་རྒོལ་རྡུང་བཏང་ཡོད་པ་དང་ཚོགས་པའི་དངུལ་ཁང་གི་རྩིས་ཁྲ་བདུན་ཕྲག་དྲུག་གི་རིང་བཀག་འགོག་བྱས་ཡོད་པ་མ་ཟད། ལྡི་ལིའི་སྤྱི་ཁྱབ་བློན་ཆེན་ཨར་ལེན་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་བཀལ་ནས་བཙོན་འཇུག་བྱས་ཡོད་པས་གྲོས་ཚོགས་འོག་མའི་འོས་བསྡུའི་ཁོར་ཡུག་ནི་ཟང་ཟིང་དུ་གྱུར་ཡོད་འདུག

རྒྱ་གར་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འོས་བསྡུའི་ནང་མཉམ་ཞུགས་བྱེད་མཁན་གྱི་གྲངས་འབོར་ནི་ཧ་ལས་དགོས་པ་ཞིག་ཡིན་འདུག གྲོས་ཚོགས་ཀྱི་འཐུས་མི་༥༤༣ འདེམས་རྒྱུའི་འོས་བསྡུ་ནི་བདུན་ཕྲག་དྲུག་གི་རིང་ཉིན་བདུན་ལ་འོས་བླུགས་ནས་ཕྱི་ཟླ་༦ ་ཚེས་༡ ་ཉིན་མཇུག་བསྒྲིལ་རྒྱུ་དང་ཚེས་༤ ་ལ་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་རེད་འདུག

ཐེངས་འདིའི་འོས་བསྡུའི་ནང་འོས་བླུག་མཁན་སྐྱེས་པ་ས་ཡ་༤༩༧་དང་བུད་མེད་ས་ཡ་༤༧༡ ་བཅས་ཁྱོན་བསྡོམས་འོས་བླུག་མཁན་ས་ཡ་༩༦༨ ་ལྷག་ཟིན་ཡོད་པ་མ་ཟད་ཕྱི་ལོ་༢༠༡༩ ལོ་དང་བསྡུར་ན་འོས་བླུག་མཁན་ས་ཡ་༡༥༠ མང་དུ་ཕྱིན་ཡོད་འདུག གྲངས་འབོར་དེ་ནི་ཨ་རི་དང་ཨུ་རུ་སུ། ཉི་ཧོང་དང་བྷར་ཛལ། ཧྥ་རན་སི་དང་དབྱིན་ཇི། སྦེལ་ཇམ་བཅས་ཀྱི་མི་འབོར་གྱི་བསྡོམས་འབོར་ལས་མང་བར་གྱུར་ཡོད་འདུག

རྒྱ་གར་གྱི་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ཀུ་མར་(Kumar) ་གྱིས་འོས་བསྡུ་རུ་ཁག་གིས་ཤིང་ནགས་དང་གངས་རིའི་ཁྲོད་ཀྱི་ཡུལ་ལུང་གང་ཡིན་ཡང་། གནམ་གྲུ་དང་རྟ་དྲེལ། གླང་ཆེན་བཞོན་ནས་སྙོབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག

ཐེངས་འདིའི་འོས་བསྡུའི་ཆེད་དུ་བདེ་སྲུང་མི་སྣ་དང་འོས་བསྡུའི་ལས་བྱེད་ས་ཡ་༡༥ ་དང་རླངས་འཁོར་འབུམ་༤ ། གློག་གི་འོས་བསྡུའི་འཕྲུལ་ཆས་(EVM) ས་ཡ་༥་དང་འབུམ་༥ བཅས་གོ་སྒྲིག་བྱས་ཡོད་འདུག

རྒྱ་གར་གྱི་ཨུ་དྷ་ར་པར་དྷེ་ཤི་མངའ་སྡེའི་(UP) ་ནང་མི་འབོར་ས་ཡ་༢༤༠ ལྷག་ཡོད་པས་མི་འབོར་མང་ཤོས་ཀྱི་མངའ་སྡེ་ཞིག་ཡིན་པ་མ་ཟད་མངའ་སྡེ་གཞན་དང་བསྡུར་ན་གྲོས་ཚོགས་འཐུས་མི་ཡང་མང་བ་ཡོང་གི་ཡོད་འདུག གནས་ཚུལ་དབྱེ་ཞིབ་པ་ཚོས་ལྡི་ལི་འགྲོ་བར་ཨུ་དྷ་ར་པར་དྷེ་ཤིའི་མངའ་སྡེ་བརྒྱུད་དགོས་ཞེས་བརྗོད་སྲོལ་ཡོད་པར་ལྟར། ཕྱི་ལོ་༢༠༡༤ ལོར་བྷི་ཇི་པི་ཚོགས་པར་མངའ་སྡེ་དེའི་ནང་ཞབས་སྟེགས་༨༠ ཡོད་པའི་ཁྲོད་ནས་༧༡ ཐོབ་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་བརྒྱད་མངའ་སྡེ་དེའི་ནང་རྩ་བ་གཏན་པོ་བཙུགས་ནས་རྒྱལ་ཁ་ཐོབ་ཡོད་པར་བརྟེན། ཆབ་སྲིད་ཀྱི་ཐོག་ནས་མངའ་སྡེ་དེ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

This will close in 0 seconds