རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཕྱིར་འཐེན་དང་བཅིུས་ཡིག་རྒྱུགས་ཕྱིར་འགྱངས་བྱས་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཧ་ཅང་གིས་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་དེར། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་དེ་ཕྱིར་འཐེན་བྱེད་རྒྱུ་དང་། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་འདུག་ཀྱང་། ཡིག་རྒྱུགས་ཀྱི་ཚེས་གྲངས་གསར་པ་གཏན་འབེབས་བྱས་མི་འདུག
ཟླ་༤ པའི་ཚེས་༡༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ནས་རྒྱ་གར་ནང་ཉིན་གྲངས་༣༥ རིང་བསྟུད་མར་ཏོག་དབྱིབས་ནད་དུག་གི་ཁ་གྲངས་འཕར་ནས། ཉིན་གཅིག་གི་ཏོག་ནད་མང་ཤོས་ཀྱི་ཟིན་ཐོ་གསར་པ་ཐོན་བཞིན་པ་ལྟར། ཚེས་༡༣ ཉིན་ཏོག་ནད་གསར་པ་ཕོག་མཁན་གྱི་ཁ་གྲངས་ནི་༡,༨༤,༣༧༢ བྱུང་ནས་སླར་ཡང་ཟིན་ཐོ་གསར་པ་བཞག་ནས། ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་ཧ་ཅང་གིས་ཛ་དྲག་ཏུ་འགྲོ་བཞིན་པ་གསལ་པོ་ཆགས་ཡོད་པས། རྒྱ་གར་དབུས་ཤེས་ཡོན་ལས་ཁུངས་ཀྱིས་ཟླ་༥ པའི་ཚེས་༤ ནས་འགོ་འཛུགས་བྱེད་འཆར་ཡོད་པའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་དེ་ཕྱིར་འགྱངས་བྱེད་རྒྱུ་དང་། ཟླ་༦ པའི་ཚེས་༡ ཉིན་ཏོག་དབྱིབས་གནས་སྟངས་བསྐྱར་ཞིབ་བྱས་ཏེ། མདུན་སྐྱོད་བྱེད་ཕྱོགས་ཐག་གཅོད་བྱེད་རྒྱུ་ཡིན་སྐོར་དང་། གལ་ཏེ་ཡིག་རྒྱུགས་གཏོང་རྒྱུ་ཐག་གཅོད་བྱུང་ཚེ། ཡིག་རྒྱུགས་ཀྱི་ཚེས་གྲངས་སྔོན་གྱི་ཉིན་གྲངས་ཉུང་མཐར་༡༥ ཡི་སྔོན་ལ་བརྡ་ལན་ཕུལ་རྒྱུ་ཡིན་སྐོར་བསྒྲགས་འདུག
དེ་བཞིན་འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་དེ་ཕྱིར་འཐེན་བྱེད་རྒྱུ་དང་། རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ལྷན་ཚོགས་ཀྱིས་སློབ་མ་རྣམས་ལ་དྲང་བདེན་གྱི་དཔྱད་གཞིའི་ལམ་ལུགས་ཤིག་བཟོས་ནས། དེ་དང་བསྟུན་ནས་བརྒྱ་ཆ་སྤྲོད་རྒྱུ་ཡིན་པ་དང་། གལ་ཏེ་སློབ་མ་རྣམས་ལམ་ལུགས་དེ་ལས་ཐོབ་པའི་བརྒྱ་ཆར་འདོད་པ་མ་ཁེངས་ཚེ། གནས་སྟངས་ཡག་ཏུ་སོང་རྗེས་ཡིག་རྒྱུགས་གཏོང་བའི་གོ་སྐབས་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
རྒྱ་གར་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཧ་ཅང་གིས་ཛ་དྲག་ཆགས་བཞིན་པའི་སྐབས་དེར། མངའ་སྡེ་༡༡ ནང་སློབ་གྲྭ་རྣམས་སྒོ་བརྒྱབ་ཟིན་འདུག རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་(CBSE) དེ་ནི་མངའ་སྡེ་ཁག་གི་ཡིག་རྒྱུགས་ལྟ་བུར་མིན་པར། རྒྱ་གར་རྒྱལ་ཡོངས་སུ་སློབ་མ་ཁྲི་ཕྲག་མང་པོས་དུས་གཅིག་ཏུ་ཡིག་རྒྱུགས་ལ་ཞུགས་དགོས་ཀྱི་ཡོད་པས། སློབ་མའི་བདེ་ཐང་དང་ཤེས་ཡོན་གཉིས་ལ་སེམས་ཁུར་བྱས་ཏེ་ཐག་གཅོད་བྱས་པ་ཡིན་སྐོར་རྒྱ་གར་གཞུང་གིས་བརྗོད་འདུག
ཕྱི་ལོ་༢༠༡༡ ལོར་ཤེས་ཡོན་ཀྱི་ཆེད་ལས་པ་སོགས་ཀྱིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་དེས། སློབ་ཕྲུག་ཚོའི་སེམས་ལ་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་སྐོར་སྐྱོན་བརྗོད་བྱས་པ་དང་འབྲེལ། སློབ་ཕྲུག་རང་ཤི་རྒྱག་མཁན་ཡང་མང་པོ་བྱུང་ཡོད་པས། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་ལོ་དེ་ནས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་དེར་ཞུགས་མིན་འདོད་མོས་བཟོས་པ་དང་། དེ་བཞིན་འཛིན་རིམ་དྲུག་པ་ནས་བཅུ་པ་བར་རྒྱུན་ལྡན་གྱི་ཤེས་ཡོན་གྱི་གནས་ཚད་རྟོག་ཞིབ་ཀྱི་ལམ་ལུགས་གསར་བཟོ་བྱས། དེའི་ནང་འཛིན་རིམ་བཅུ་པར་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོར་ཞུགས་མི་དགོས་པར། རྒྱུན་ལྡན་ནས་ཟླ་རེར་ཡིག་ཚད་ཆུང་ཆུང་དང་ནང་སྦྱོང་སོགས་ལ་བརྟེན་ནས་སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ལ་རྟོག་ཞིབ་བྱས་ནས་བརྒྱ་ཆ་སྤྲོད་རྒྱུའི་ཡར་ཐོན་གྱི་ལམ་ལུགས་བཟོས་ཡོད་པ་རེད་དེ། ཕྱི་ལོ་༢༠༡༦ ལོར་ལྷན་ཚོགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཀྱི་ལམ་ལུགས་དེ་སླར་གསོ་དང་། ཕྱི་ལོ་༢༠༡༨ ལོ་ནས་ཡིག་རྒྱུགས་དེར་འདེམས་ཀ་མེད་པར་ངེས་པར་དུ་གཏོང་དགོས་པའི་ཐག་གཅོད་གསར་པ་བྱས་ཡོད་འདུག ཡིག་རྒྱུགས་དེས་འཛིན་རིམ་བཅུ་པའི་ཁྱོན་བསྡོམས་ཀྱི་བརྒྱ་ཆ་བརྒྱ་ལས་བརྒྱ་ཆ་བརྒྱད་ཅུ་ཐོབ་ཀྱི་ཡོད་པ་དང་། བརྒྱ་ཆ་ཉི་ཤུ་དེ་སློབ་གྲྭའི་སློབ་དུས་ཁག་གི་བརྒྱ་ཆ་ལ་གཞིར་འཇོག་རྒྱུ་ཡིན་པར་ཐག་གཅོད་བྱས་ཡོད་རེད།
རྒྱ་གར་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཚང་མ་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ལ་ཞུགས་མཁན་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།