རྒྱ་གར་ལ་དྲག་སྤྱོད་པའི་འཐབ་རྒོལ།

རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱེད་བཞིན་སྐབས། དྲག་སྤྱོད་པས་རྒྱ་གར་ལ་འཐབ་རྒོལ་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་གཉིས་བྱུང་འདུག

124676དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༣ ཉིན་ཨབ་གྷན་གྱི་ནུབ་ཕྱོགས་ཁུལ་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ལ། དྲག་སྤྱོད་པ་བཞིས་མེ་མདའ་སོགས་བརྒྱབ་སྟེ་འཐབ་རྒོལ་བྱས་ཡོད་པ་དང། ཨབ་གྷན་དམག་མིས་ཕར་རྒོལ་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་ཤི་རྨས་ཀྱི་གྲངས་ཐོ་གསལ་པོ་མེད་ན་ཡང། གཞུང་ཚབ་མི་སྣ་རྣམས་ལ་གནོད་འཚེ་བྱུང་མེད་པ་རེད་འདུག

ཨབ་གྷན་ནང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཁག་ལ་དྲག་སྤྱོད་པས་འཐབ་རྒོལ་བྱས་པ་ཐེངས་དང་པོ་མིན་པར། ཕྱི་ལོ་༢༠༠༨, ༢༠༠༩, ༢༠༡༣, ༢༠༡༤ བཅས་ལ་རྒྱ་གར་གཞུང་ཚབ་འདྲ་མིན་ལ་འཐབ་རྒོལ་བྱས་ཏེ། མི་མང་པོའི་སྲོག་ཤོར་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་༡ ཉིན་པ་ཀི་སི་ཐན་ས་མཚམས་ཀྱི་ཉེ་འགྲམ་ལ་ཡོད་པའི་རྒྱ་གར་པ་ཐན་ཀོཊིའི་གནམ་དམག་འབབ་ཚུགས་ལ། དྲག་སྤྱོད་པས་འཐབ་རྒོལ་བྱས་ཏེ། རྒྱ་གར་དམག་མིས་ཕར་རྒོལ་བྱས་ཡོད་པ་དང། འཐབ་འཛིངས་དེ་མུ་མཐུད་ཉིན་གསུམ་པར་འགྲོ་བཞིན་འདུག

ད་ལྟའི་ཆར་དྲག་སྤྱོད་པ་༥ དང་རྒྱ་གར་དམག་མི་༧ ཤི་ཡོད་པ་དང། གནམ་དམག་འབབ་ཚུགས་ནང་དྲག་སྤྱོད་པ་ག་ཚོད་ཡོད་མེད་གསལ་པོ་ཤེས་རྟོག་ཐུབ་མེད་པ་རེད་འདུག

ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ནང། པ་ཐན་ཀོཊིའི་ཉེ་འགྲམ་གྱི་རྫོང་ཞིག་གི་ཉེན་རྟོག་ཁང་ནང། དྲག་སྤྱོད་པའི་གློ་བུར་བཙན་རྒོལ་བྱས་ཏེ། མི་༧ བསད་ཡོད་པ་དང་ཆུ་ཚོད་༡༢ རིང་འཐབ་འཛིངས་བྱས་རྗེས་དྲག་སྤྱོད་པ་༣ བསད་ཡོད་པ་རེད།

ཉེ་བའི་ཆར་རྒྱ་གར་གྱི་སྲིད་བློན་མོ་དྷི་པ་ཀི་སི་ཐན་ནང་སྐོར་སྐྱོད་དུ་ཕེབས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་འགྲོ་བའི་རེ་བ་བྱས་ཡོད་ཀྱང། ཐེངས་འདིའི་གནས་ཚུལ་གྱིས་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་པ་རེད། དྲག་སྤྱོད་པ་དེ་ཚོ་པ་ཀི་སི་ཐན་ནས་རྒྱ་གར་ནང་འཛུལ་བ་ཡིན་པས། པ་ཀི་སི་ཐན་གྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཐོག་དོགས་པ་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།