རྒྱ་གར་ལ་རྒྱ་ནག་དགོས་རེད་ལ་རྒྱ་ནག་ལ་ཡང་རྒྱ་གར་དགོས་རེད་ཅེས་གསུང་འདུག
རྒྱ་དཀར་ནག་གཉིས་བར་མ་མཐུན་པའི་གཞི་མང་པོ་ཡོད་ཀྱང་། དེ་དག་ཟུར་དུ་བཞག་ནས་མདུན་དུ་བསྐྱོད་དགོས་པ་དང་། རྒྱ་གར་ལ་རྒྱ་ནག་དགོས་པ་དང་རྒྱ་ནག་ལ་ཡང་རྒྱ་གར་དགོས་ཀྱི་ཡོད་སྐོར་༧གོང་ས་མཆོག་གིས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་གིས་ཕྱི་ཚེས་༡༩ ཉིན་གསར་འགོད་པ་རྣམས་ལ་ད་ལྟ་འགྲོ་བཞིན་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ནི་གནས་སྐབས་ཙམ་ཞིག་ཡིན་པ་དང་། དེ་གང་མགྱོགས་སེལ་ཐུབ་སྲིད་སྐོར་དང་སྦྲགས་གསུང་དོན་དུ།“རྒྱ་གར་ལ་རྒྱ་ནག་དགོས་རེད་ལ། རྒྱ་ནག་ལ་ཡང་རྒྱ་གར་དགོས་རེད། རྒྱལ་ཁབ་གཉིས་ཀས་ངེས་པར་དུ་མངའ་ཁུལ་དུ་ཞི་བདེ་ལྡན་པ་བཟོས་ཏེ། ཕྱོགས་གཉིས་བར་གྱི་མི་མཐུན་པའི་གཞི་རྣམས་ཟུར་དུ་བཞག་ནས་མདུན་དུ་བསྐྱོད་དགོས་རེད་”ཅེས་གསུངས་ཡོད་འདུག
དེ་བཞིན་ཁོང་གིས་གོ་ལ་ཁྱོན་ཡོངས་སུ་ཞི་བདེ་བརྟན་གནས་ཡོང་བའི་སྨོན་འདུན་ཡོད་སྐོར་དང་སྦྲགས་གསུང་དོན་དུ།“རྒྱལ་ཁབ་གཉིས་བར་དཀའ་རྙོག་མི་འདྲ་བ་མང་པོ་ཡོད་པས་དེ་དག་མདེའུ་བརྒྱུད་སེལ་རྒྱུ་ནི་ཡོང་མི་སྲིད་པ་ཞིག་རེད་ལ། དཀའ་རྙོག་ཚང་མ་གྲོས་མོལ་རང་བརྒྱུད་ནས་སེལ་དགོས་ཀྱི་རེད། ལོ་ངོ་༤༠ གོང་གི་རྒྱ་ནག་གཞུང་དང་དེ་རིང་གི་རྒྱ་ནག་གཉིས་བར་ལ་ཁྱད་པར་ཆེན་པོ་ཡོད་རེད། རྒྱ་གར་དང་། པ་ཀི་སི་ཐན། བྷང་ལ་ཌེ་ཤི། རྒྱ་ནག་སོགས་ལ་དཀའ་རྙོག་མང་པོ་ཞིག་འབྱུང་གི་ཡོད་རེད་ལ། དེའི་ཐོག་བསམ་ཚུལ་མི་འདྲ་བ་ཡང་མང་པོ་ཡོད་ཀྱང་། དེ་དག་ཚང་མ་གྲོས་མོལ་རང་བརྒྱུད་ནས་སེལ་དགོས་ཀྱི་ཡོད་རེད་”ཅེས་དང་། “དུས་རབས་༢༡ པ་འདིར་ཞི་བདེ་ལ་མོས་པ་ཆེན་པོ་ཡོད་པས། ཉི་ཧོང་དང་། རྒྱ་ནག་ཐེ་བའི་རྒྱལ་ཁབ་ཚང་མས་ངེས་པར་དུ་གྲོས་མོལ་གྱི་ཐོག་ནས་དཀའ་རྙོག་རྣམས་སེལ་ཐབས་འཚོལ་དགོས་པ་ཞིག་རེད། ཆོས་ལུགས་ཚང་མ་གཅིག་པ་རེད། དེ་རིང་ཁ་སང་གི་དཀའ་ངལ་ཡོད་དོ་ཅོག་སེལ་བར་ཞི་བའི་ཐབས་ལམ་ཞིག་རྙེད་སྲིད་པ་རེད་”གསུངས་ཡོད་འདུག
ཡང་༧གོང་ས་མཆོག་གིས་ནང་ཆོས་དང་ད་ལྟའི་གནས་སྟངས་གཉིས་སྦྲེལ་ནས་གསུང་དོན་དུ་“སྟོན་པ་སངས་རྒྱས་ཀྱི་གསུང་རབས་ལས་དེ་རིང་ཁ་སང་གི་གནད་དོན་ཛ་དྲག་ཁག་ཅིག་སེལ་ཐུབ་ཀྱི་རེད། ནང་ཆོས་ཀྱི་རྨང་གཞི་ནི་ཞི་བདེ་རེད། མི་སུ་ཞིག་ཡིན་རུང་སྟོན་པའི་གསུང་རབས་ཀྱི་རྗེས་སུ་འཇུག་ན་འགྲིག་གི་རེད། འཇིག་རྟེན་འདི་དྲག་སྤྱོད་རིགས་ཚང་མའི་ཉེན་ཁ་ལས་སྐྱོབ་པར་ནང་ཆོས་ངེས་པར་དུ་དགོས་པ་ཞིག་རེད་”ཅེས་དང་། དེ་བཞིན་རྒྱ་གར་དུས་རྟག་ཏུ་བོད་པ་ཚོའི་ཆེད་དུ་ལངས་ཡོད་པ་དང་། བོད་ཀྱང་མ་འོངས་པར་རྒྱ་གར་གྱི་རྒྱབ་ཏུ་ལངས་རྒྱུ་ཡིན་སྐོར་བཅས་གསུངས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།