སྦེལ་ཀོབ་ཏུ་པཎ་ཆེན་འཁྲུངས་སྐར་སྲུང་བརྩི།

ཟླ་འདིའི་ཚེས་༢༥ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀ་མངའ་སྡེ། སྦེལ་ཀོབ་བོད་མིའི་བཞིས་ཆགས་སུ་རྟེན་གཞི་བྱས་ པའི་བཀྲིས་ལྷུན་པོ་དགོན་པར་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་དགུང་གྲངས་༢༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།

སྲིད་སྐྱོང་བློ་བཟང་སེང་གེ། དགའ་ལྡན་ཁྲི་པ། ཚོགས་གཙོ་སྤེན་པ་ཚེ་རིང་།
སྲིད་སྐྱོང་བློ་བཟང་སེང་གེ། དགའ་ལྡན་ཁྲི་པ། ཚོགས་གཙོ་སྤེན་པ་ཚེ་རིང་།

དེ་ཡང་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་མཆོག་ཕྱི་ལུགས་ལྟར་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ། བྱང་རྩེ་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་དགོན་སྡེ་ཁག་གི་མཁན་ལས་ཟུར་རྣམ་པའི་དབུས་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་དང་། སྦེང་ལོར་ལྷོ་སྤྱི་ཀརྨ་སེངྒེ། སྦེལ་ཀོབ་ས་གནས་འགོ་འཛིན་རྣམ་གཉིས་བཅས་ཀྱི་གཙོས་སྐུ་མགྲོན་ཁག་དང་།  སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

སྔ་དྲོ་ཆུ་ཚོད་༩ ཙམ་གྱི་ཐོག་བཀྲིས་ལྷུན་པོའི་ཆོས་རའི་ནང་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་། དགའ་ལྡན་ཁྲི་རིན་པོ་ཆེས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་གྲུབ་མཚམས། སྐུ་མགྲོན་རྣམ་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་པར་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་རྣམས་ཀྱིས་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།

penchen_soth2_2014_4_26ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་སྐུ་ཚབ་ནས་པན་ཆེན་ཨིར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་དགའ་སྦག་བློ་བཟང་རྡོ་རྗེས་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་གནང་སྐབས།   རྒྱ་གཞུང་གིས་ངོས་ནས་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་ཐག་གཅོད་དང་པཎ་ཆེན་སྐུ་ཕྲེང་བཅིུག་པ་མཆོག་གློད་གྲོལ་མ་བཏང་བར་རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱ་རྒྱུ་མིན་ཞེས་སོགས་གསུངས་སོང།

སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་འབྲེལ་གསུང་བཤད་གནང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས་དང་། ལྷག་དོན་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགུང་ལོ་དྲུག་ནས་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ཏེ། གར་ཡོད་ཆ་མེད་དུ་གྱུར་པའི་གནས་སྟངས་སོགས་ངོ་སྤྲོད་དང་ཆབས་ཅིག རྒྱལ་སྤྱིའི་ཐོག་ཁོང་སྐུ་འཁོར་ཡོངས་མྱུར་དུ་གློད་གྲོལ་ཡོང་ཐུབ་པའི་འབོད་སྐུལ་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་དང་འབྲེལ། པཎ་ཆེན་ཡབ་ཡུབ་སྐུ་འཁོར་དང་བཅས་པ་འཕྲལ་དུ་གློད་གྲོལ་དགོས་སྐོར་སོགས་ཀྱི་གཏམ་བཤད་གནང་ཡོད་པ་རེད།

དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས།   གཙོ་བོ་ཆོས་ཁས་མི་ལེན་པའི་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ལ་ཐེ་ཇུས་བྱེད་པ་དེ་འོས་མཚམས་ཤིག་གཏན་ནས་མིན་པ་དང་། རྒྱལ་བའི་ལུངས་ལྟར་རྒྱལ་བ་པན་ཆེན་གཉིས་ནི་ལོ་རྒྱུས་ཐོག་ནས་བླ་སློབ་ཀྱི་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། ཕན་ཚུན་ཡང་སྲིད་ངོས་འཛིན་བྱ་སྲོལ་ཡོད་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།

དེ་ནས་མཛད་སྒོ་དངོས་གཞི་གྲུབ་མཚམས་སྤེལ་ཀོབ་ལྷ་མོ་ཚོགས་པ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ཁག་ཅིག་གིས་རྟེན་འབྲེལ་མཚོན་ཆེད་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།

གཞན་ཡང་ཉིན་འདིའི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སེར་སྐྱ་མི་མང་ཡོངས་དང་ལྷག་པར་འབྲས་སྤུངས་བླ་སྤྱི་བཅས་ཀྱིས་༧པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ། ༧པན་ཆེན་སྐུ་ཕྲེང་བཅིུག་པའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཞིང་། མྱུར་དུ་གློད་གྲོལ་ཡོང་ཆེད་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བསངས་གསོལ་དང་། རླུང་རྟ་བསྒྲེངས་འཛུགས་སོགས་ཞབས་རིམ་གསོག་སྒྲུབ་དང་སྨོན་ལམ་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་ལས་འགུལ་སྤེལ་ ཡོད་པ་རེད།

ལྷོ་ཕྱོགས་གསར་འགོད་པས།