རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་ཐེངས་༦༩ པ།
ཟླ་འདིའི་ཚེས་༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་དུ། ཆོས་རིག་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་གཡུ་ཐོག་ཀརྨ་དགེ་ལེགས་དང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཉིས་ཀྱིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ལྷན་འཛོམས་ཐོག རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ཐེངས་༦༩ པ་སྲུང་བརྩི་བྱས་སོང།
ཐོག་མར་བཀའ་ཤག་གི་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་རྒྱ་གར་གྱི་རྒྱལ་གླུ་བཏང་ནས། བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་རྗེས་གསར་འགོད་པར་གསུང་དོན། “དེ་རིང་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དང་མང་གཙོའི་ངོ་བོ་རུ་གྱུར་ནས་མི་ལོ་ཧྲིལ་པོ་༦༩ འཁོར་བའི་དུས་ཆེན་ཆགས་ཀྱི་ཡོད་རེད། དེའི་ཐོག་ང་ཚོ་བོད་མི་ཡོངས་དང་ལྷག་པར་བཙན་བྱོལ་བོད་མི། བོད་མིའི་སྒྲིག་འཛུགས་བཅས་ཚང་མའི་ངོས་ནས་རྒྱ་གར་གཞུང་དང་མི་མང་ཚར་མར། སྙིང་ཐག་པ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་༦༩ ཡི་རིང་ལ་རྒྱ་གར་རྒྱལ་ཁབ་གང་ས་ཅི་ཐད་ནས་ཡར་རྒྱས་ཆེན་པོ་སོང་ནས་གྲུབ་འབྲས་ཆེན་པོ་སོན་ཡོད་རེད། དེར་ང་ཚོས་བསྔགས་བརྗོད་དང་། དགའ་བསུ། དགའ་ཚོར་ཞུ་ཡ་གཅིག་ཡིན། མ་འོངས་པར་ཡིན་ན་ཡང་སྔར་ལས་ལྷག་པའི་ཡར་རྒྱས་མུ་མཐུད་འགྲོ་ནས་འཛམ་བུ་གླིང་འདི་སྒང་ལ་མིང་དོན་མཚུངས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བའི་ཡིད་ཆེས་དང་རེ་བ་ཡོད།”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་དེ་རིང་གི་ཉིན་མོའི་ཐོག་བོད་མི་དང་འབྲེལ་ནས་གསུང་དོན་དུ་“དེ་རིང་ང་ཚོ་བོད་པ་དང་འབྲེལ་བ་ཆེན་པོ་ཡོད་པའི་ཆ་ནས་བཙན་བྱོལ་བོད་མི་ཚོ་དང་ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གཞུང་མང་གཉིས་ནས་ད་བར་གང་ས་ཅི་ཐད་ནས་མཐུན་འགྱུར་རོགས་མགོན་སུ་གང་གིས་མ་ཐུབ་པ་དེ་འདྲ་གནང་བར་ང་ཚོས་ག་དུས་ཡིན་ན་ཡང་བཀའ་དྲིན་སྙིང་བཅངས་དང་། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེེ་ཆེ་ཞུ་རྒྱུ་ཡིན། བོད་པ་བཙན་བྱོལ་བ་དང་བོད་པ་ཚོའི་ངོས་ནས་རྒྱ་གར་གྱིས་ང་ཚོར་རོགས་སྐྱོར་ག་རེ་གནང་བ་དེའི་མཐའ་མའི་གྲུབ་འབྲས་དེ་ཆུད་ཟོས་སུ་མ་སོང་བར་ཚང་མས་མཐོང་ཐུབ་པ་ཞིག་གི་ཐོག་ནས་བཀའ་དྲིན་གསབ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད།”ཅེས་གསུངས་སོང་།
མཇུག་ཏུ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཉིན་མོའི་སྲུང་བརྩིའི་ཐོག་བོད་མི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་ལ་རྒྱ་གར་གྱི་མི་སེར་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་བཞི་པ་(Padma Shri) ཐོབ་ཀྱི་ཡོད་སྟབས་དེའི་ཐོག་ག་རེ་གསུང་རྒྱུ་ཡོད་མེད་དྲིས་པར། ཁོང་གིས། “གནས་ཚུལ་དེ་ད་ནང་རང་ཤེས་རྟོགས་བྱུང་སོང་། དགའ་ཚོར་དཔེ་ཆེན་པོ་བྱུང་། བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཡིན་ན་དགུང་ལོ་བགྲེས་པོའི་བར་དུ། ཐོག་མར་སྨན་གྱི་ཕྱག་ལས་གནང་རྗེས་བཙན་བྱོལ་དུ་ཕེབས་ནས་སྐྱབས་མགོན་རིན་པོ་ཆེའི་བླ་སྨན་པའི་ཞབས་ཞུ་ལོ་མང་རིང་གནང་རྗེས། ཁོང་གིས་སྨན་གྱི་ཐོག་ཕྱག་ལས་རྒྱུན་བསྐྱངས་གནང་སྟེ་བོད་མི་དང་ལྷག་པར་རྒྱ་གར་གྱི་མི་རིགས་ཧ་ལས་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་བྱུང་བར། རྒྱ་གར་གཞུང་དང་མི་མང་གི་ཐོག་ནས་ཐུགས་སྣང་དང་ངོས་འཛིན་གནང་ནས་གཟེངས་རྟགས་གནང་བར་དགའ་ཚོར་ཆེན་པོ་བྱུང་སོང་། ཨེམ་རྗེ་ལགས་ཁོ་རང་ལ་ཡང་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག ད་དུང་ཡང་ཁོང་གི་སྐུ་ཚེ་རིང་པོར་བཞུགས་པ་དང་ཕྱག་ལས་ལ་མུ་མཐུད་གྲུབ་འབྲས་བཟང་པོ་ཐོན་རྒྱུར་ཡིད་ཆེས་དང་སྨོན་ལམ་ཡོད། དེ་དང་ལྷན་དུ་ཞུ་རྒྱུ་ཞིག་ལ་ང་ཚོ་བོད་ཀྱི་རིག་གཞུང་མང་པོ་ཞིག་རྒྱ་གར་ནས་བྱུང་བ་ཞིག་རེད། དེ་དག་དངོས་སུ་ཁ་ཡོད་ལག་ཡོད་ལ་ང་ཚོས་མ་ཉམས་རྒྱུན་འཛིན་བྱེད་ཀྱི་ཡོད་རེད། ད་ལྟ་བོད་སྨན་གྱི་ཐོག་ལ་འགྲེལ་བཤད་མང་པོ་མི་དགོས་པར་ཁོ་རང་རང་གི་ཐོག་ནས་ཁ་གྲགས་པའི་བཟོ་ཞིག་བྱུང་། དེ་ལ་རྒྱ་གར་མི་མང་དང་གཞུང་གི་ཐོག་ནས་ངོས་ལེན་བྱུང་བ་ཞིག་ཡིན་དུས། ང་ཚོ་བོད་པ་ཚོ་ཡིན་ན་ཡང་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ནས་སོ་སོའི་ཆོས་དང་རིག་གཞུང་གོམས་སྲོལ་ཡ་རབས་བཟང་པོ་རྣམས་ཀྱི་ཐོག་ལ་སེམས་ཤུགས་སྔར་ལྟར་སྐྱེ་རྒྱུའི་རྒྱུ་རྐྱེན་བཟང་པོ་ཞིག་ཆགས་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག་”ཅེས་གསུངས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།