རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་སྲུང་བརྩི།

ཟླ་འདིའི་ཕྱི་ཚེས་༢༦ ཉིན་དྷ་ས་གངས་སྐྱིད་བཀའ་ཤག་ལས་ཁུངས་ཀྱི་མདུན་དུ་སྲིད་སྐྱོང་དང་བཀའ་བློན་རྣམ་པ། གཞན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལྷན་འཛོམས་ཐོག རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦༨ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།

16244095_311891495879579_898182335_nསྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་རྒྱལ་ཁབ་ཆེན་མོའི་རྒྱལ་དར་བསྒྲེང་འཛུགས་གནང་བ་དང་། དེ་རྗེས་ཁོང་གིས་གསར་འགོད་པར་གསུང་དོན་དུ། “སྤྱིར་རྒྱ་གར་གྱི་མང་གཙོའི་ལམ་ལུགས་དེ་འཛམ་གླིང་ཁྱོན་ཡོངས་སུ་ཡོངས་གྲགས་ཆགས་བསྡད་ཡོད་རེད། གཞི་རྩའི་ཆ་ནས་མང་གཙོའི་ལམ་ལུགས་ནང་དཔལ་འབྱོར་ཡར་རྒྱས་དང་པོར་གནང་དགོས་རེད་དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དང་པོ་རུ་གནང་དགོས་རེད་ཅེས་ལྟ་གྲུབ་གཉིས་ཀྱི་ཐོག་ནས་དུས་ཡུན་རིང་པོར་ཡོངས་གྲགས་སུ་བགྲོ་གླེང་ཡོང་བསྡད་ཀྱི་ཡོད་རེད། རེད་དེ། རྒྱ་གར་གྱིས་མང་གཙོ་དང་དཔལ་འབྱོར་ཡར་རྒྱས་གཉིས་ཀ་མཉམ་དུ་འགྲོ་ཐུབ་ཀྱི་རེད་ཅེས་དཔེ་མཚོན་ཡག་ཤོས་ཤིག་བསྟན་པ་རེད། དེ་བཞིན་རྒྱ་གར་ནང་། ཆོས་ལུགས་མི་འདྲ་བ་དང་། མི་རིགས་མི་འདྲ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཐོག་རྒྱལ་ཁབ་གཅིག་ཏུ་མཉམ་གནས་ཐུབ་པ་དེས་མིག་དཔེ་བཟང་ཤོས་ཤིག་བསྟན་པ་རེད། དེའི་གཞི་རྟེན་དེ་མང་གཙོ་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་ཡོངས་གྲགས་སུ་བཤད་བསྡད་ཀྱི་ཡོད་རེད་ལ། འཛམ་གླིང་སྤྱི་ཡོངས་ནས་ངོས་ལེན་དང་བསྔགས་བརྗོད་གནང་གི་ཡོད་རེད། རྒྱ་གར་ནང་སྐད་རིགས་༢༠༠ ལྷག་ཙམ་དང་། ཆོས་ལུགས་ཆོས་བརྒྱུད་མི་འདྲ་བ་ཧ་ཅང་མང་པོ་ཡོད་རེད། དེ་འདྲའི་རྒྱལ་ཁབ་འདི་ལོ་༦༨ ལྷག་ཙམ་གནས་ཐུབ་པ་འདི་ཧ་ལས་པའི་བྱས་རྗེས་ཆེན་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད། དེར་བརྟེན་ད་རེས་རྒྱ་གར་མི་མང་དང་ཚང་མར་བསྔགས་བརྗོད་ཞུས་པ་དང་སྦྲགས། དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་མཉམ་དུ་མང་གཙོའི་ལམ་ལུགས་ཀྱང་ད་ལྟ་ཡོད་པ་ལས་ལྷག་གནས་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་ཡི་ཡོད་”ཅེས་གསུངས་སོང་།

དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་དྷ་སའི་ཉེན་རྟོག་པའི་ཐང་ཆེན་དུ་རྒྱ་གར་ས་གནས་གཞུང་གིས་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་ཡོད་པ་དང་། དུས་དྲན་དེ་ནི་རྒྱ་གར་གྱི་རྒྱལ་ས་གཙོས་ས་གནས་ཚང་མར་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།