རྒྱ་གར་ཧི་མ་ཅལ་དུ་རྒྱ་ནད་ཕོག་མཁན་༣༥ བྱུང་བ་དང་ད་ལྟ་ནད་པ་༡༨ ཡོད་འདུག

ཟླ་འདིའི་ཚེས་༡༥ བར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་རྒྱ་ནད་ཏོག་དབྱིབས་ན་ཚ་ཕོག་ཡོད་མེད་མི་༡༣༢༦ བརྟག་དཔྱད་བྱས་རྗེས། ནད་པ་༣༥ བྱུང་བའི་ནང་ནས་གཅིག་གྲོངས་པ་དང་། དྲག་སྐྱེད་བྱུང་བ་༡༢། མངའ་སྡེའི་ཕྱི་ལ་སོང་ཚར་མཁན་༤། ད་ལྟ་ནད་པ་༡༨ ཡོད་པའི་ནང་ཛ་དྲག་གཅིག་ཀྱང་མེད་འདུག ཟུར་བཅད་ཁང་མིག་ནང་དོགས་ཡོད་བཀག་པ་༤༠༣༦ ནང་དུ་བཏང་ཟིན་པ་དང་། ད་ལྟ་༡༨༣༩ ཟུར་བཅད་ཁང་མིག་ནང་ཡོད་འདུག་འདུག་ལ། ཧི་ཅལ་མངའ་སྡེ་ནད་པ་ཅུང་ཉུང་བའི་གྲས་རེད་འདུག

ཟླ་འདིའི་ཚེས་ཚེས་༡༦ ཉིན་བར་རྒྱ་གར་དུ་ན་ཕོག་མཁན་བསྡོམས་འབོར་༡༣༤༩༥ བ་དང་། འདས་གྲོངས་སོང་བ་༤༤༨། དྲག་སྐྱེད་བྱུང་བ་༡༧༧༨ ད་སྔ་བར་ན་ཚ་ཕོག་ཡོད་མེད་བརྟག་དཔྱད་ཟིན་པ་༣༠༢༩༥༥ བྱུང་འདུག

རྒྱ་གར་ནང་ནད་པ་མང་ཤོས་ས་ཆ་མཱ་ཧ་ར་ཤཱི་མངའ་སྡེའི་ནང་༢༩༡༩། གཉིས་པ་ལྡི་ལིར་༡༥༧༨། གསུམ་པ་ཏཱ་མེལ་ན་ཏི་མངའ་སྡེར་༡༢༤༢ བྱུང་ཡོད་པ་རེད། རྒྱ་གར་དབུས་གཞུང་གིས་ཕྱི་ཟླ་༥ པའི་ཚེས་༣ བར་ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་དགོས་པའི་བཀོད་ཁྱབ་བཏང་བ་དང་། ད་ལྟ་སོ་སོ་སྡོད་གནས་ནས་ཡར་མར་ཕྱི་བསྐྱོད་མི་ཆོག་པས། འགྲིམ་འགྲུལ་བ་ཧ་ཅང་མང་པོ་ས་གནས་གང་སར་ལྷག་ཡོད་པ་དང་། ལས་བཟོ་བ་དང་མི་མང་སྐྱོ་པོ་ཁག་གིས་སྡོད་གནས་དང་ཟ་བཅའི་དཀའ་ངལ་ཡོད་སྐོར་བརྗོད་ནས་གཞུང་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་གི་ཡོད་པ་རེད།

འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནད་ཏོག་དབྱིབས་ན་ཚ་ཕོག་མཁན་ད་བར་༢༡༩༥༢༠༨ བྱུང་བ་དང་། འདས་གྲོངས་སོང་བ་༡༤༧༤༧༨། གྲོངས་མཁན་གྱིས་ནད་པ་སྤྱིའི་བརྒྱ་ཆ་༦།༧༡ ཟིན། དྲག་སྐྱེད་ཟིན་པ་༥༥༧༤༢༩ ཡོད་པ་རེད། དེའི་ནང་ནས་ཨ་རི་ལ་ད་ཚ་ཕོག་མཁན་༦༧༨༢༡༠ བྱུང་ནས་རྒྱལ་ཁབ་ཚང་མའི་ནང་ནས་མང་ཤོས་ཆགས་པ་དང་། འདས་གྲོངས་སོང་བ་༣༤༦༤༡། ནད་པ་སྤྱིའི་བརྒྱ་ཆ་༥།༡༠ ཟིན་ཡོད་པ་རེད། དྲག་སྐྱེད་ཟིན་པ་༥༧༨༤༤ ཡོད་པ་དང་། ད་ལྟ་ནད་པ་༥༨༥༧༢༥ ཡོད་པ་རེད།

གཉིས་པ་སི་པན་ནང་དུ་ན་ཚ་ཕོག་མཁན་༡༨༤༩༤༨ བྱུང་བ་དང་། འདས་གྲོངས་སོང་བ་༡༩༣༡༥ ཟིན་ནས་ནད་པ་སྤྱིའི་བརྒྱ་ཆ་༡༠།༤༤ ཟིན་པ་དང་། རྒྱལ་ཁབ་སོ་སོའི་ནད་པའི་བརྒྱ་ཆ་དང་བསྡུར་ན་སི་པན་བརྒྱ་ཆ་མཐོ་ཤོས་ཆགས་ཡོད་པ་རེད། ནད་པ་དྲག་སྐྱེད་བྱུང་བ་༧༤༧༩༧ དང་། ད་ལྟ་ནད་པ་༩༠༨༣༦ ཡོད་པ་རེད།

ན་ཚ་ཐོག་མར་མཆེད་ས་རྒྱ་ནག་ལ་ན་ཚ་ཕོག་མཁན་༨༢༦༩༢ དང་། འདས་གྲོངས་སོང་བ་༤༦༣༢ བྱུང་ནས། ནད་པ་སྤྱིའི་བརྒྱ་ཆ་༥།༦༠ ཟིན། དྲག་སྐྱེད་བྱུང་བ་༧༧༩༤༤ དང་། ད་ལྟ་ནད་པ་༡༠༦ ཡོད་པ་རེད། རྒྱ་ནག་གི་ནད་པའི་གྲངས་དང་ཤི་གྲངས་ལ་དོགས་གཞི་ཆེན་པོའི་གླེང་སློང་འབྱུང་གི་ཡོད་པ་དང་། ཐོག་མར་ནད་ངོས་མ་ཟིན་པ་དང་། རྗེས་སུ་གསང་རྒྱ་བྱས་པ་སོགས་ཀྱི་རྐྱེན་གྱིས་གྲངས་ཀ་ཏག་ཏག་བྱུང་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།