རྒྱ་ཆེའི་མི་མང་ལ་མཐོང་ཆུང་རེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༢ ཕྱི་ལོ་ ༢༠༡༦/༢/༡༧
ཉེ་ཆར་དྷ་རམ་ས་ལར་སྲིད་སྐྱོང་གི་འོས་གཞི་གཉིས་ཀྱི་དབར་བགྲོ་གླེང་ཞིག་ཡོད་ཚུལ་ས་གནས་དང་དུས་ཚོད་བཅས་གསལ་བསྒྲགས་སྤེལ་འདུག་པ་དང། གསལ་བསྒྲགས་ཆ་ཚང་སྤེལ་ཟིན་པའི་རྗེས་སུ་སྲིད་སྐྱོང་འོས་གཞི་སྲིད་སྐྱོང་ལས་ཐོག་འབུམ་རམས་པ་བློ་བཟང་སེང་གེ་དང། ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ལ་སང་ཉིན་བགྲོ་གླེང་དུ་ཕེབས་དགོས་པ་རེད་ཅེས་མགྲོན་བརྡ་ཕུལ་འདུག སྲིད་སྐྱོང་སྐབས་དེ་དུས་མཛད་བྲེལ་གྱིས་ཕེབས་ཐུབ་ཀྱི་མེད་ཅེས་ཉིན་དེ་རང་ནས་ལན་འབྱོར་ཡང་དེ་གསང་བ་བྱས་ནས། རྒྱ་ཆེའི་མི་མང་ལ་སྲིད་སྐྱོང་འོས་གཞི་གཉིས་ཀ་ཕེབས་ཡོད་ཤག་ལྟ་བུས་ཚང་འཛོམས་བྱེད་དུ་བཅུག་འདུག སྤྱིར་སྲིད་སྐྱོང་གི་འོས་གཞི་གཉིས་ལ་མཚོན་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ཐོག་ནས་ཆེས་མཐོའི་དབུ་ཁྲིད་གཉིས་ཡིན་པ་དང། ཁོང་གཉིས་ལ་བརྡ་ལན་སྤྲད་སྟངས་དེ་ལྟ་བུ་བྱས་པ་ནི། ཅིག་བྱས་ན་སྲིད་སྐྱོང་འོས་མི་གཉིས་ལ་མཐོང་ཆུང་གི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྲིད་ཀྱང། དོན་དུ་བོད་རིགས་རྒྱ་ཆེའི་མི་མང་དང་བོད་མིའི་སྒྲིག་འཛུགས་ལ་ཆེད་དུ་མཐོང་ཆུང་བྱས་པ་ཞིག་ཏུ་གྱུར་ཡོད།
ད་ལན་ཆེད་དུ་དེ་ལྟ་བུ་བྱེད་མཁན་ཡང་ངས་གཞིས་བྱེས་བོད་རིགས་མི་མང་གི་འགོ་ཁྲིད་བྱེད་རྒྱུ་ཡིན་ཟེར་མཁན་ཞིག་གིས་བྱས་ཡོང་དུས་དེ་བས་ཀྱང་བློ་ཕམ་སྐྱེ་འོས་པ་ཞིག་རེད། སྤྱིར་སྲིད་སྐྱོང་གི་འོས་གཞིར་ལངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལ་མཚོན་ན་སྲིད་སྐྱོང་གི་འོས་གཞིར་དབུས་གཙང་ཆོལ་ཁའི་རྟེན་འབྲེལ་མི་འཆུག་པའི་ཆེད་དུ་ལངས་ཡོད་ཅེས་བརྗོད་ཡོད་ནའང། དོན་དུ་སྲིད་སྐྱོང་གི་འོས་གཞིར་ལངས་པ་དང་དེ་དང་འབྲེལ་བའི་བྱེད་སྒོའི་རིགས་ཚང་མ་གཏམ་བརྗོད་དང། རྩེད་མོ་ཙམ་གྱི་སྡིངས་ཆ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་གསལ་པོ་རེད། འོན་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་འོག་གི་གཞི་རིམ་ཆ་རྐྱེན་ཁག་ཚང་བའི་རྗེས་སུ་སྲིད་སྐྱོང་གི་འོས་གཞིར་ལངས་མི་ཆོག་ཅེས། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ནང་བཀག་མི་ཆོག་ནའང། དོན་དུ་སྒྲིག་འཛུགས་དང་མི་མང་ཚང་མ་རྩེད་ཆས་སུ་ངོས་འཛིན་བྱེད་མཁན་གྱི་མི་སྣ་འདི་དང་འདི་ལྟ་བུའི་རིགས་ལ་དོགས་ཟོན་ནན་པོ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདི་ལྟ་བུ་བྱེད་རྒྱུའི་ལམ་ཁ་ཞིག་ཡོད་པར་བརྟེན་མི་མང་པོས་སྲིད་སྐྱོང་གི་འོས་གཞིར་ལང་གི་ཡིན་ཞེས། རིམ་པས་སྲིད་སྐྱོང་གི་ཞབས་སྟེགས་དེ་ཡང་རིན་ཐང་གང་ཡང་མེད་པ་ཞིག་ཏུ་བསྒྱུར་ཆེད་དུ་དམིགས་བཞིན་ཡོད་པ་ལྟ་བུ་འདུག། ཕྱོགས་གཞན་ཞིག་ནས་སྔོན་འགྲོའི་སྐབས་སྲིད་སྐྱོང་དུ་ལང་གི་ཡིན་ཞེས་གསལ་འགོད་གསལ་བསྒྲགས་རེ་བྱས་ནས་སྐད་ཆ་ཡིན་ལ་མིན་ལ་མང་པོ་ཞིག་བཤད་པ་དེ་དག བརྒྱུད་ལམ་ཁག་ཏུ་སླེབས་སོང་བ་དེ་བེད་སྤྱོད་བྱས་ནས་མ་འོངས་པར་སྤྱི་ཚོགས་ནང་ལས་ཀ་གང་ཞིག་བྱེད་པར་ནུས་པ་སླེབས་ཆེད་དམ། ཁག་ཅིག་གིས་དེ་ལ་བརྟེན་ནས་རྒྱ་གར་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཁང་ཁག་གི་མིག་ནང་དུ་རང་ཉིད་ཀྱི་རིན་ཐང་ཆེ་རུ་གཏོང་ཆེད་དུ་དམིགས་ནས། མ་འོངས་པར་ད་ལྟ་བོད་པའི་སྤྱི་ཚོགས་ནང་དར་སོ་ཆེ་བའི་ལས་རིགས་ཁག་ཅིག་བསྒྲུབ་རྒྱུའི་དམིགས་འདུན་བཟུང་མེད་དམ་བསམ་པའང་རང་བཞིན་གྱིས་དོགས་པ་སྐྱེ་འོས་པ་ཞིག་རེད།
མ་འོངས་པར་སྲིད་སྐྱོང་གི་འོས་གཞིའི་ནང་མིང་སླེབས་མྱོང་བའི་མི་ཞིག་གིས་ཁྲིམས་དང་མི་མཐུན་པའི་ལས་ཀ་ཞིག་བྱས་པའི་དབང་དུ་བཏང་ན། དེ་ནས་གསར་ཤོག་ཁག་སོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་ལངས་མྱོང་མཁན་ག་གེ་མོ་ཞིག་གིས་ཁྲིམས་དང་མི་མཐུན་པའི་ལས་ཀ་འདི་དང་འདི་བྱས་པ་རེད་ཅེས་འབྲི་འགོད་བྱེས་ངེས་པ་དང། དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ལ་རང་བཞིན་གྱིས་མཐོང་དང་ཆ་འཇོག་བརླག་སྲིད་པའི་ཉེན་ཁ་ཡོད་ངེས་རེད། དེར་བརྟེན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཡོད་ཚད་ཁྲིམས་སྒྲིག་གི་ཐོག་ནས་གཏན་འཁེལ་བྱེད་ཐུབ་མིན་གང་ལྟར་ཡང། གནད་དོན་འདི་དག་གི་ཐོག་ལ་ཁྲིམས་ལུགས་ནང་གསལ་ཁ་དོད་དུ་གཏོང་དགོས་པའམ། ཡང་ན་རྒྱ་ཆེའི་མི་མང་གི་ཡ་རབས་བཟང་སྤྱོད་ཀྱི་གནས་བབས་གོང་མཐོར་གཏོང་དགོས་པ་སོགས་གནད་དོན་འདི་ལ་བསམ་བློ་ངེས་པར་དུ་གཏོང་རན་འདུག དེ་ལྟར་མ་བྱས་ན་རིམ་པས་ཆུ་ངན་ལམ་ཤོར་གྱི་དཔེ་རུ་འགྱུར་ངེས་རེད།
ལྷག་པར་དུ་ད་ལན་མི་མང་ལ་མགོ་སྐོར་བཏང་ནས་སྲིད་སྐྱོང་འོས་གཞི་གཉིས་ཀྱི་དབར་བགྲོ་གླེང་ཡོད་ཚུལ་གྱི་འཁྲབ་སྟོན་འདི་ལྟ་བུ་བྱས་ཚེ། འོས་བསྡུ་ལས་ཁང་ནས་ཀྱང་གཡས་རིང་གཡོན་ཐུང་ལྟ་བུ་མ་བྱས་པར་སྟངས་འཛིན་དང་ཐག་གཅོད་ནན་པོ་ཞིག་བྱེད་མ་ཐུབ་ན། ཁ་ཤས་ལ་སྤྱན་གྱིས་གཟིགས། ཁ་ཤས་ལ་མིག་གིས་བལྟས་ཞེས་པ་དང་གཅིག་མཚུངས་སུ་གྱུར་ཡོད་པ་རེད། ཅིག་བྱས་ན་གོ་སྒྲིག་བྱེད་མཁན་གྱི་ངོས་ནས་འདི་ལྟ་བུ་བྱས་ན་རྗེས་མ་དངོས་སུ་སྲིད་སྐྱོང་འོས་གཞི་གཉིས་ཀྱི་དབར་བགྲོ་གླེང་ཞིག་བྱེད་པའི་ཚེ་ན་མི་མང་གིས་རྫུན་ཡིན་ཤག་གིས་མི་མང་པོ་མི་འཛོམས་པའི་ཆེད་དུ་ལུག་རྫི་སྤེན་པའི་སྒྲུང་གི་བསླབ་བྱ་བླངས་པ་ཞིག་ཀྱང་ཡིན་སྲིད་པ་རེད། མདོར་ན་རྒྱ་ཆེའི་མི་མང་ལ་རྩེད་མོ་རྩེ་ཆོག་ཆོག་དང། བོད་མིའི་སྒྲིག་འཛུགས་དང། དབུ་ཁྲིད་རྣམ་པའང་རྩེད་ཆས་སུ་ངོས་འཛིན་བྱེད་མཁན་གྱི་མི་སྣ་འདི་ལྟ་བུ་དག་ང་ཚོའི་སྤྱི་ཚོགས་ནང་སླེབས་ཡོང་དུས་སྙིང་རྗེ་དང་གུ་ཡངས་ཀྱི་ཐོག་ནས་འཇོག་མི་འོས་པར། ཁྲིམས་སྒྲིག་གི་ཐོག་ནས་ཐག་གཅོད་ཅིག་བྱེད་དགོས་པའང་གལ་ཆེན་པོར་གྱུར་ཡོད།།