རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དུ་སླར་ཡང་དྲག་པོའི་གདོང་ཐུག་བྱུང་འདུག 

དེ་རིང་སྟེ་ཕྱི་ཟླ་ ༡ ཚེས་ ༢༥ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་གོང་མའི་རེས་གཟའ་ལྷག་པའི་ཉིན་འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་དུ་དྲག་པོའི་གདོང་ཐུག་གསར་ཤོས་དེ་བྱུང་བའི་ནང་། ཕྱོགས་གཉིས་ཀའི་དམག་མིར་རྨས་སྐྱོན་ཕོག་ཡོད་འདུག 

རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་བཙན་གྱིས་དབང་དུ་བསྒྱུར་བ་ནས་བཟུང་། འཕགས་བོད་ཀྱི་ས་མཚམས་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ངོས་འཛིན་བྱེད་སྲོལ་བྱུང་བ་དང་། ཕྱོགས་གཉིས་ཀས་སྔར་བོད་ཀྱི་ཁོངས་སུ་གཏོགས་པའི་ས་ཁུལ་མང་པོ་ཞིག་སོ་སོའི་ཡིན་ཚུལ་བཤད་དེ་རྩོད་རྙོག་རྒྱུན་མི་ཆད་པར་ཡོང་བཞིན་ཡོད། 

ལོ་སྔོན་མའི་ཕྱི་ཟླ་༦ པའི་ནང་ལ་དྭགས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་དམག་མིའི་བར་དུ་ལོ་ངོ་བཅུ་ཕྲག་ནང་གི་དྲག་པོའི་གདོང་ཐུག་ཆེ་ཤོས་དེ་ཤོར་བའི་ནང་། རྒྱ་གར་གྱི་དམག་མི་༢༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། དུས་དེ་ནས་བཟུང་ཕྱོགས་གཉིས་ཀྱི་དམག་དཔོན་བར་དུ་གྲོས་མོལ་ཐེངས་༩ ཙམ་བྱུང་རུང་། གཉིས་མོས་ཀྱི་གྲོས་མཐུན་ཞིག་འཇོག་མ་ནུས་པར་ལྷག་ཡོད། 

ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དམག་མིའི་གདོང་ཐུག་གསར་ཤོས་དེ་འབྲས་ལྗོངས་བྱང་བརྒྱུད་ཀྱི་རྣ་ཐོད་ལ་རུ་བྱུང་འདུག་པ་དང་། རྒྱ་གར་གྱི་འབྲེལ་ཡོད་མི་སྣ་ཚོས་རྒྱ་ནག་གི་མཐའ་མཚམས་བརྟན་སྲུང་དམག་མི་རྒྱ་གར་གྱི་ས་ཁོངས་སུ་འཛུལ་ཐབས་བྱས་པར་རྒྱ་གར་གྱི་དམག་མིས་ཕྱིར་འཕུད་བཏང་བ་ཡིན་སྐོར་བརྗོད་འདུག 

རྒྱ་གར་གྱི་དམག་ནས་བཏང་བའི་གཞུང་འབྲེལ་ཡིག་ཆའི་ནང་། “ཕྱི་ལོ་༢༠༢༡ ལོའི་ཟླ་༡ ཚེས་༢༠ ཉིན་འབྲས་ལྗོངས་བྱང་བརྒྱུད་ཀྱི་རྣ་ཐོད་ལ་རུ་དྲག་པོའི་གདོང་ཐུག་ཕྲན་ཙམ་ཞིག་བྱུང་བ་དེ་ས་གནས་དམག་དཔོན་གྱིས་ལུགས་སྲོལ་ལྟར་སེལ་ཡོད་”ཅེས་དོན་རྐྱེན་དེ་ཚབས་ཆེན་པོ་ཞིག་མ་ཡིན་པ་དང་། སེལ་ཚར་བ་ཡིན་སྐོར་བསྒྲགས་འདུག

ད་ལྟའི་ཆར་ཕྱོགས་གཉིས་ཀ་ནས་འཛིང་མོ་གསར་ཤོས་དེའི་ནང་དུ་དངོས་སུ་དམག་མི་ཇི་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། རྨས་སྐྱོན་ཕོག་པའི་ཁྲོད་ནས་རྐྱེན་ལམ་དུ་འགྲོ་མཁན་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱས་མི་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།