རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་བྱས་འདུག 

རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་བར་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀས་ཁས་ལེན་བྱེད་ཐུབ་པའི་ཐབས་ལམ་ཞིག་བཙལ་རྒྱུར་མོས་མཐུན་བྱས་ཡོད་འདུག 

ཟླ་༧ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༤ ཉིན་ཊ་ཇེག་སེ་ཐན་ནང་དུ་ཕྱི་སྲིད་བློན་ཆེན་ཁག་ཅིག་གི་ལྷན་ཚོགས་ཀྱི་ཟུར་དུ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཀར་གཉིས་ཆུ་ཚོད་གཅིག་རིང་ཐུག་འཕྲད་བྱས་ཡོད་འདུག 

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་ཆུ་ཚོད་གཅིག་རིང་ཐུག་འཕྲད་བྱས་ནས། ས་མཚམས་ཀྱི་རྩོད་རྙོག་ཐོག་གྲོས་སྡུར་བྱས་པ་དང་། ཕྱོགས་གཉིས་ཀས་མོས་མཐུན་མེད་པའི་ཐོག་ཕྱོགས་གཅིག་གིས་ས་ཐོག་གནས་སྟངས་འགྱུར་བ་གཏོང་ཐབས་བྱེད་རྒྱུ་ནི་ཁས་ལེན་བྱེད་ཐབས་མེད་པ་གསལ་སྟོན་དང་། ས་མཚམས་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་བསྐྱར་གསོ་དང་རྒྱུན་འཛིན་ཆ་ཚང་བ་བྱེད་རྒྱུ་ནི་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་ཆེད་དུ་གལ་ཆེན་ཡིན་པ་ངོས་འཛིན་བྱས་ཡོད་སྐོར་བྲིས་འདུག 

རྒྱ་གར་ཕྱི་སྲིད་ལས་ཁང་གི་དྲ་རྒྱ་ཐོག་ཏུ་སྤེལ་བའི་བསྒྲགས་གཏམ་ལ་ཞིག་ན། རྒྱ་གར་ནས་ཕྱི་ལོ་༢༠༢༠ ལོའི་ཟླ་༩ པར་ཨུ་རུ་སུའི་རྒྱལ་ས་མཱོ་སེ་ཁོར་བྱུང་བའི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་བྱུང་བའི་གྲོས་མཐུན་ལ་མཇུག་སྐྱོང་བྱས་ནས། ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་གཙང་མ་བྱེད་རྒྱུ་གལ་ཆེན་ཆགས་ཡོད་པ་ནན་བརྗོད་བྱས་ཡོད་པ། དེ་བཞིན་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་ཐུག་འཕྲད་ཀྱིས་གྲོས་སྡུར་གང་མགྱོགས་བྱེད་རྒྱུ་དང་། རྩོད་རྙོག་ཡོད་པའི་གནད་དོན་ཚང་མའི་ཐོག་གྲོས་སྡུར་བྱས་ཏེ་ཕྱོགས་གཉིས་ཀས་ཁས་ལེན་བྱེད་ཐུབ་པའི་ཐབས་ལམ་ཞིག་བཙལ་རྒྱུར་མོས་མཐུན་བྱས་ཡོད་ཁར། ཕྱོགས་གཉིས་ཀས་ས་ཐོག་ཏུ་བརྟན་ལྷིང་ཡོང་བ་བྱེད་རྒྱུ་ཡིན་ཁར། གནས་སྟངས་ཛ་དྲག་མི་བཟོ་བའི་ཆེད་དུ་ཕྱོགས་གཉིས་ཀས་མོས་མཐུན་མེད་པར་ཕྱོགས་གཅིག་ནས་ས་ཐོག་གི་གནས་སྟངས་འགྱུར་བ་གཏོང་ཐབས་བྱེད་རྒྱུ་མིན་པ་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག 

ཕྱོགས་གཉིས་བར་ཧིན་བོད་ས་མཚམས་དང་འབྲེལ་ནས་རྩོད་རྙོག་འགྲོ་བཞིན་ཡོད་ཁར། རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་རེད་དེ། འདི་ལོའི་ལོ་ཕྱེད་ཀྱི་ཚོང་འབྲེལ་སྙན་ཐོ་ལ་གཞིགས་ན། ལོ་སྔོན་མ་དང་བསྡུར་ན་ཕྱོགས་གཉིས་བར་གྱི་ཚོང་འབྲེལ་བརྒྱ་ཆ་༦༣ འཕར་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།