རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དང་། ལོ་ངོ་བཅུ་ཕྲག་མང་པོའི་རྩོད་རྙོག་དེའི་ལོ་ཚིགས་གལ་ཆེན་འགའ།
ཕྱི་ལོ་ ༡༩༥༠ ང་གྲངས་ནང་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བོད་ས་ཡོངས་རྫོགས་དྲག་པོས་བཟུང་སྟེ་འཕགས་བོད་ཀྱི་ས་མཚམས་དེ་རྒྱལ་སྤྱིའི་ཐོག་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ངོས་འཛིན་བྱེད་སྲོལ་བྱུང་བ་ནས་བཟུང་། ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་ས་མཚམས་ཀྱི་རྩོད་རྙོག་རྒྱུན་མི་ཆད་པར་བྱུང་དང་འབྱུང་མུས་སུ་ཡོད་ལ། བདུན་ཕྲག་འདིའི་ནང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་འདས་པའི་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་ལ་འབྱུང་མྱོང་མེད་པའི་འཛིང་མོ་དྲག་པོ་ཤོར་ནས་ཕན་ཚུན་གསོད་རྨས་གཏོང་རེས་བྱས་པར་བརྟེན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་གི་འགལ་ཟླ་དེ་རིམ་པ་གསར་པ་ཞིག་ཏུ་ཐོན་ཡོད།
འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་གི་རིང་ལ། འཛམ་གླིང་གི་མི་འབོར་ཆེས་ཆེ་ཤོས་སུ་གྱུར་བའི་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཐོག་རྩོད་པ་དང་འཛིང་མོ་མི་ཉུང་བ་ཞིག་བྱུང་བའི་ནང་ ༡༩༦༢ ལོའི་ཡུན་ཐུང་གི་དམག་འཁྲུག་དྲག་པོ་དེའང་འདུས་ཡོད།
གཤམ་དུ་རྡུལ་ཕྲན་ཚོན་ཆ་ལྡན་པའི་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་བྱུང་བའི་རྩོད་རྙོག་གི་ལོ་ཚིགས་གལ་ཆེན་འགའ་བཀོད་ཡོད།
༡༩༥༩ ལོར་ནེ་རོ་པེ་ཅིང་ལ་ཕེབས་པ།
རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་ས་མཚམས་རྩོད་རྙོག་གི་འབྱུང་རྩ་དེ་དབྱིན་ཇིའི་དབང་སྒྱུར་དུས་སྐབས་ཡིན་ཏེ། དབྱིན་ཇིའི་དབང་སྒྱུར་བ་ཚོས་ཕྱི་ལོ་ ༡༩༡༤ ལོར་སིམ་ལའི་ཚོགས་ཆེན་བསྐོངས་ཏེ་རྒྱ་གར་དབྱིན་གཞུང་དང་། རྒྱ་ནག་མི་སེར་རྒྱལ་ཁབ། དེ་བཞིན་བོད་བཅས་ཀྱིས་རྒྱལ་ཁབ་སོ་སོའི་ས་མཚམས་དང་འབྲེལ་བའི་ཆིངས་ཡིག་བཞག་ཡོད།
ཡིན་ན་ཡང་། ད་ལྟའི་པེ་ཅིང་སྲིད་གཞུང་ནས་ ༡༩༡༤ ལོའི་ས་མཚམས་(མེག་མོ་ཧོན་གྱི་ས་ཁྲ་)ལ་ངོས་ལེན་གཏན་ནས་བྱེད་མྱོང་མེད་པ་དང་། ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༩༠,༠༠༠ ཙམ་རྒྱ་ནག་གི་ཡིན་ཚུལ་ཤོད་བཞིན་པའི་ནང་། རྒྱ་གར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་(Arunachal Pradesh)གྱི་ས་ཁོངས་ཕལ་ཆེ་བ་ཚུད་ཡོད།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་ཐོག་མར་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གྱི་སྲིད་བློན་དང་པོ་ནེ་རོ་པེ་ཅིང་དུ་ཕེབས་སྐབས་བྱུང་ཡོད་དེ། སྐབས་དེར་ནེ་རོས་རྒྱ་ནག་གི་གཞུང་འབྲེལ་ས་ཁྲའི་ཐོག་གི་ས་མཚམས་ལ་དོགས་འདྲི་བྱས་པ་ན། རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་(Zhou Enlai)ཡིས་རྒྱ་ནག་གཞུང་གིས་བཙན་རྒྱལ་རིང་ལུགས་ཀྱི་ས་མཚམས་ངོས་ལེན་བྱེད་ཀྱི་མེད་ཅེས་ལན་འདེབས་བྱས་ཡོད།
༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག
ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་དཀར་ནག་གཉིས་ཀྱི་བར་དུ་ས་མཚམས་རྩོད་རྙོག་བྱུང་བའི་སྐབས། རྒྱ་ནག་གི་དམག་མིས་རྩོད་རྙོག་ཅན་གྱི་ས་མཚམས་ནས་ཚུར་རྒོལ་བྱས་ཤིང་། བདུན་ཕྲག་བཞིའི་དམག་འཁྲུག་དྲག་པོ་དེའི་ནང་རྒྱ་གར་གྱི་དམག་མི་སྟོང་ཕྲག་མང་པོ་ཤི་རྨས་བཏང་ཡོད།
སྐབས་དེར་པེ་ཅིང་གིས་རྒྱ་ནག་གི་ནུབ་ཕྱོགས་དང་བོད་གཉིས་སྦྲེལ་བྱེད་ཀྱི་ས་ཆ་གཙོ་བོ་ཨ་ཀི་ས་ཆན་(Aksai Chin)བླངས་པ་དང་། རྒྱ་གར་གིས་ད་ལྟ་ཡང་ཨ་ཀི་ས་ཆན་གྱི་ས་ཁུལ་ཡོངས་རྫོགས་དང་། རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཤག་ས་གམ་ལུང་གཤོངས་(Shaksgam valley)ཁོ་ཚོའི་ཡིན་ཚུལ་ཤོད་ཀྱི་ཡོད།༡༩༦༧ ལོའི་རྣ་ཐོས་ལའི་རྩོད་རྙོག
རྒྱ་དཀར་ནག་གཉིས་ཀྱི་བར་དུ་རྩོད་རྙོག་ཡོང་སའི་ས་མཚམས་གཞན་ཞིག་ནི་རྣ་ཐོས་ལ་རེད། རྒྱ་གར་གྱི་ལ་མཐོ་ཤོས་སུ་བརྩི་བའི་རྣ་ཐོས་ལ་ནི་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་དང་། བལ་ཡུལ། འབྲུག་བཅས་ཀྱི་བར་དུ་ཆགས་ཡོད།
སྐབས་དེར་འཁྲུག་འཛིང་ཐེངས་མང་བྱུང་ནས་མེ་སྒྱོགས་ཀྱང་འཐེན་རེས་བྱས་པའི་ནང་། ལྡི་ལིའི་སྲིད་གཞུང་ནས་རྒྱ་གར་གྱི་དམག་མི་ ༨༠ ཡས་མས་ཤི་ཡོད་པ་དང་། རྒྱ་ནག་གི་དམག་མི་ ༤༠༠ ཙམ་རྐྱེན་ལམ་དུ་བསད་ཡོད་ཚུལ་བརྗོད་ཡོད།
༡༩༧༥ ལོའི་གཏེར་ལུང་ལ་(Tulung La)ཡི་འཇབ་རྒོལ།
འདི་ནི་རྒྱ་དཀར་ནག་གཉིས་ཀྱི་བར་དུ་བྱུང་བའི་མེ་མདའ་འཕེན་རེས་ཀྱི་འཁྲུག་འཛིང་མཐའ་མ་དེ་ཆགས་ཡོད་དེ། དུས་དེ་ནས་བཟུང་ད་བར་རྒྱལ་ཁབ་གཉིས་ཀྱིས་རྩོད་རྙོག་ཅན་གྱི་ས་མཚམས་ནས་ཕན་ཚུན་དངོས་སུ་མེ་མདའ་རྒྱག་རེས་བྱེད་མྱོང་མེད།
ལོ་དེར་ཨ་རུ་ན་ཅལ་གྱི་མངའ་སྡེའི་ས་མཚམས་སུ་རྒྱ་གར་གྱི་དམག་མི་བཞི་ལ་རྒྱ་ནག་གི་དམག་མིས་འཇབས་རྒོལ་བྱས་ནས་བསད་པས། ལྡི་ལིའི་སྲིད་གཞུང་གིས་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་ཐོག་ཏུ་འཛུལ་བྱུང་ཞེས་བཤད་དེ་ཉེས་འཛུགས་བྱས་པ་དེར་པེ་ཅིང་གིས་ངོས་ལེན་བྱས་མེད།
༢༠༡༧ ལོའི་འབྲོག་ལམ་གྱི་འཁྲུག་རྩོད།་
ལོ་དེར་རྒྱ་ནག་གིས་འབྲོག་ལམ་ཁུལ་དུ་ལམ་ཁ་འཛུགས་སྐྲུན་བྱེད་བཞིན་པ་བཀག་འགོག་བྱེད་པར་རྒྱ་གར་གྱིས་དམག་མི་བཏང་བའི་རྗེས། རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཟླ་བ་འགའི་རིང་འཁྲུག་རྩོད་ཤོར་ཡོད། ས་ཁུལ་དེ་རྒྱ་ནག་དང་རྒྱ་གར་གྱི་མཐུན་གྲོགས་འབྲུག་གཉིས་ཀས་སོ་སོའི་ས་ཁུལ་ཡིན་ཞེས་རྗོད་ཀྱི་ཡོད་པ་དང་། གནད་དོན་དེ་གྲོས་མོལ་བྱས་རྗེས་སེལ་ཡོད།
༢༠༢༠ ལོའི་ལ་དྭགས་ཀྱི་གདོང་ཐུག
བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན། རྒྱ་གར་གྱིས་སྔ་ཉིན་ཏེ་རེས་གཟའ་ཟླ་བའི་ཉིན་ཧི་མ་ལ་ཡའི་མཐའ་མཚམས་སུ་སོ་སོའི་དམག་མི་དང་རྒྱ་ནག་གི་དམག་མིའི་བར་དུ་དྲག་པོའི་གདོང་ཐུག་བྱུང་སྟེ་རང་དམག་ ༢༠ བསད་བྱུང་སྐོར་ཕྱིར་བསྒྲགས་པ་དང་། དེ་བཞིན་པེ་ཅིང་ནས་རྒྱ་ནག་གི་དམག་མི་ཤི་རྨས་བྱུང་སྐོར་བཤད་ན་ཡང་། ད་ལྟའི་ཆར་ཤི་རྨས་ཀྱི་ཁ་གྲངས་གང་ཡིན་གསལ་པོ་བཤད་མེད།
བདུན་ཕྲག་གོང་མར་རྒྱལ་ཁབ་གཉིས་ཀྱི་དམག་དཔོན་མཐོ་གྲས་རྣམས་ཀྱིས་གྲོས་མོལ་ཚོགས་འདུ་བསྐོངས་ནས་རྩོད་རྙོག་དེ་ཞི་བས་སེལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་ན་ཡང་། རེས་གཟའ་ཟླ་བའི་གདོང་ཐུག་དྲག་པོ་དེས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་དང་འཁོན་སེམས་དེ་རིམ་པ་གསར་པ་ཞིག་ཏུ་བསྐྱལ་ཡོད།
གསར་འགོད་པ་དཀོན་མཆོག་རབ་བརྟན།