རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག

རྒྱ་དཀར་ནག་གཉིས་བར་འབྲོག་ལམ་དོན་རྐྱེན་བྱུང་བ་ནས་བཟུང་ས་མཚམས་སུ་དམག་མི་ཕོན་ཆེན་པོ་སྒྲིག་འཇོག་བྱས་ཡོད་ཅིང་། ཕྱོགས་གཉིས་ཀས་ས་མཚམས་སུ་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་གྱི་བར་གྲོས་མོལ་ཐེངས་མང་བྱས་རྗེས་ད་ཆར་དམག་མི་ཕྱིར་འཐེན་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག་པ་དང་། ཕྱི་ཟླ་༡༠ པའི་ཚེས་༢༩ སྔོན་དམག་མི་རྣམས་ཕྱིར་འཐེན་ཚར་བ་བྱ་རྒྱུ་ཡིན་འདུག
ཕྱི་ཚེས་༢༥ ཉིན་(Moneycontrol)ཟེར་བས་གསར་འགྱུར་སྤེལ་གསལ་ལྟར་ན། དེ་རིང་ནས་འགོ་བཙུགས་ཏེ་ལ་དྭགས་ཀྱི་ཤར་ཕྱོགས་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཡིན་པའི་གསར་འགྱུར་བཀོད་འདུག་ལ། ཕྱོགས་གཉིས་ཀྱི་ལ་དྭགས་ཁུལ་ནས་རྩོད་རྙོག་འབྱུང་ས་གཙོ་བོ་(Depsang)བདེ་སང་དང་(Demchok)ལྡེམ་མཆོག་གཉིས་ཀྱི་ས་ཁུལ་ནས་འགོ་འཛུགས་བྱས་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག དམག་མི་ཕྱིར་འཐེན་བྱེད་རྒྱུའི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་བར་གྲོས་མོལ་ཐེངས་མང་བྱས་རྗེས་གྲོས་མཐུན་བྱུང་ཡོད་འདུག་ལ།
དམག་མི་ཕྱིར་འཐེན་གྱི་གནད་དོན་དེ་ནི་ཕྱི་ལོ་༢༠༢༠ རྗེས་ནས་ཐེངས་དང་པོ་ཡིན་པར་བརྗོད། རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་བཀོད་པ་ལྟར་ན། དམག་མི་ཕྱིར་འཐེན་དེ་ཡང་སྟངས་འཛིན་ནན་ཏན་ཡོད་པའི་ཐོག་ནས་འགོ་འཛུགས་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག དེ་བཞིན་གོང་གི་ས་ཁུལ་དེ་གཉིས་སུ་ཡོད་པའི་རྒྱལ་ཁབ་གཉིས་ཀའི་འཛིང་རྭའམ་འཐབ་རྭ་རྣམས་གཏོར་རྒྱུ་ཡིན་འདུག་ཅིང་། དམག་དོན་བཀོད་འདོམས་པ་རྣམས་ས་ཁུལ་དུ་ལྟ་ཞིབ་བྱས་ནས་དུས་ཡུན་རིང་ཙམ་སྡོད་དགོས་ཀྱི་ཡོད་འདུག ཕྱི་ཚེས་༢༡ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་དཀར་ནག་གཉིས་ཀྱི་ཕྱོགས་སོ་སོའི་དམག་མི་རྣམས་ཕྱིར་འཐེན་བྱེད་རྒྱུ་དེ་བདེན་པ་ཡིན་བརྗོད་ཡོད་འདུག་ལ། གཟའ་མིག་དམར་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་(Rajnath Singh)ར་ཇི་ན་ཐི་སིང་གིས་རྒྱ་དཀར་ནག་བར་ད་ཆར་གྲོས་མོལ་གྱི་ཐོག་ནས་ས་མཚམས་རྩོད་རྙོག་ཞི་འགྲིག་བྱུང་ཡོད་པར་བརྗོད་ཡོད་འདུག་ལ།

རྒྱ་གར་གྱི་དམག་དཔོན་(Upendra Dwivedi)ཡིས་ད་ཆར་རྒྱ་དཀར་ནག་གཉིས་བར་ཕན་ཚུན་ཡིད་ཆེས་དང་བསམ་གཞིག་གི་ཐོག་ནས་ས་མཚམས་རྩོད་རྙོག་འདུམ་འགྲིག་ཡོང་བར་ཐབས་ཤེས་བྱེད་བཞིན་ཡོད་ཚུལ་བརྗོད་འདུག དེ་བཞིན་རྒྱ་ནག་གི་མགྲིན་ཚབ་པ་(Lin Jian)ཡིས་ད་ཆར་རྒྱ་ནག་གི་ངོས་ནས་རྒྱ་གར་དང་ལྷན་དུ་ས་མཚམས་རྩོད་རྙོག་འདུམ་འགྲིག་ཡོང་རྒྱུའི་ཐབས་ཤེས་བྱེད་རྒྱུ་ཡིན་པར་བརྗོད་ཡོད་འདུག
ཉེ་ཆར་(Brics)ལྷན་ཚོགས་སྐབས་སུ་རྒྱ་གར་གྱི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཐུག་འཕྲད་བྱུང་ཡོད་འདུག་པ་དང་། སྐབས་དེར་ས་མཚམས་རྩོད་རྙོག་གི་ཐད་ཕྱོགས་གཉིས་ཀའི་ངོས་ནས་ཐབས་ལམ་བཙལ་ཏེ་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་ཡིན་པར་བཤད་ཡོད་ཚུལ་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།