རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་ཐུག་འཕྲད་ཀྱིས་གནད་དོན་དྲུག་གི་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱུང་ཡོད་འདུག
རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་བར་གྲོས་མོལ་ཐེངས་༢༣ པ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་བར་གནད་དོན་དྲུག་གི་ཐོག་ལ་མཉམ་ལས་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག དམིགས་བསལ་སྐུ་ཚབ་ཐུག་འཕྲད་དེ་ནི་འདས་པའི་ལོ་ངོ་ལྔའི་ནང་གི་ཐེངས་དང་པོ་ཆགས་ཡོད་འདུག
ཟླ་འདིའི་ཚེས་༡༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་(Ajit Doval) ཡིས་སྣེ་ཁྲིད་པའི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་སྣེ་ཁྲིད་པའི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་དང་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀས་ཧིན་བོད་ས་མཚམས་ཁུལ་ཞི་བདེ་དང་བརྟན་ལྷིང་གནས་ཐབས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཉིས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་ཕྱི་ལོ་༢༠༠༥ ལོར་ས་མཚམས་རྩོད་རྙོག་སེལ་ཐབས་ལ་མོས་མཐུན་བྱུང་བའི་ཆབ་སྲིད་ཀྱི་ལམ་སྟོན་ལྟར། ས་མཚམས་རྩོད་རྙོག་སེལ་ཐབས་ལ་དྲང་བདེན་དང་། རྒྱུ་མཚན་ལྡན་པ། ཕན་ཚུན་གཉིས་མོས་ཀྱི་ཐག་གཅོད་ཅིག་འཚོལ་རྒྱུའི་ཆོད་སེམས་བསྐྱར་ནན་བྱས་པ་དང་། བརྒྱུད་རིམ་འདི་ཡར་རྒྱས་གཏོང་ཐབས་སུ་ཕྱོགས་གཉིས་ཀྱིས་ཕན་ནུས་ལྡན་པའི་ཐབས་ལམ་སྤྱོད་རྒྱུ།
དེ་བཞིན་ས་མཚམས་ཁུལ་དུ་དོ་དམ་དང་ཚོད་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་ཚགས་སུ་གཏོང་རྒྱུ་དང་། ཕན་ཚུན་ཡིད་ཆེས་འཕེལ་བའི་ཐབས་ལམ་ཤུགས་ཆེ་རུ་གཏོང་རྒྱུ། རྒྱ་གར་གྱི་ཆོས་ཞུ་བ་རྣམས་བོད་ནང་གི་གངས་རིན་པོ་ཆེར་གནས་མཇལ་དུ་གཏོང་རྒྱུ་དང་། རྣ་ཐོས་ལའི་ཚོང་ལམ་སྒོ་འབྱེད་རྒྱུ། ཆུ་བོའི་ཐོག་མཉམ་ལས་བྱེད་རྒྱུ། ཕྱོགས་གཉིས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་ཚོགས་འདུའི་ལམ་ལུགས། ཕྱི་འབྲེལ་དང་དམག་དོན་གྲོས་མོལ་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ལོ་རྗེས་མར་དམིགས་བསལ་སྐུ་ཚབ་ཀྱི་ཚོགས་འདུ་དེ་རྒྱ་གར་དུ་འཚོགས་རྒྱུ་བཅས་དོན་ཚན་དྲུག་གི་ཐོག་ལ་མོས་མཐུན་བྱུང་ཡོད་འདུག
སྤྱིར་རྒྱ་དཀར་ནག་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་ཐུག་འཕྲད་ཀྱི་ལམ་ལུགས་དེ་ཕྱི་ལོ་༢༠༠༣ ནས་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་༢༠༡༩ ནས་བཟུང་ཕྱོགས་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་ཐུག་འཕྲད་བྱུང་མེད་པ་མ་ཟད། ཕྱི་ལོ་༢༠༢༠ ལོར་ཧིན་བོད་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན།
ཐེངས་འདིར་ཕྱོགས་གཉིས་ཀྱི་དམིགས་བསལ་སྐུ་ཚབ་བར་ཐུག་འཕྲད་ཐེངས་༢༣ པ་དེ་མ་བྱས་པའི་སྔོན་ཏེ། ལོ་འདིའི་ཕྱི་ཟླ་༡༠ པའི་ནང་། ཨུ་རུ་སུ་ལ་བྷེ་རི་སི་(BRICS) ལྷན་ཚོགས་འཚོགས་པའི་སྐབས། རྒྱ་ནག་གི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་བར་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་རྙོག་སེལ་ཐབས་བྱེད་རྒྱུའི་ཐོག་གྲོས་མོལ་བྱས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།