རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་རྩོད་རྙོག་ཞི་བས་སེལ་རྒྱུར་གྲོས་མཐུན་བྱུང་ཡོད་ཟེར། 

ལྡི་ལི་གསར་པའི་འབྲེལ་ཡོད་མི་སྣ་ཚོས་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་ཞི་བས་སེལ་རྒྱུར་གྲོས་མཐུན་བྱུང་ཡོད་ཟེར། 

ཁ་སང་སྟེ་ཕྱི་ཟླ་༦ ཚེས་༧ རེས་གཟའ་ཉི་མའི་ཉིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱོགས་གཉིས་ཀའི་དམག་དཔོན་རྣམས་ཚོགས་འདུ་འཚོགས་ནས་རྩོད་རྙོག་སེལ་བའི་འབད་བརྩོན་བྱས་ཡོད་ཚུལ་བརྗོད་འདུག 

གསལ་བསྒྲགས་དེའི་ནང་། རེས་གཟའ་ཉི་མའི་ཉིན་གྱི་ཚོགས་འདུ་དེ་“མཛའ་འབྲེལ་དང་བཟང་ཕྱོགས་ཀྱི་མཁའ་དབུགས་”ཁྲོད་དུ་སྐོང་འཚོགས་བྱས་ཤིང་། ཕྱོགས་གཉིས་ཀས་“མཐའ་མཚམས་ཀྱི་གནས་སྟངས་དེ་ཞི་བས་སེལ་རྒྱུར་”གྲོས་མཐུན་བྱུང་ཡོད་ཅེས་བརྗོད་འདུག 

རྒྱ་ནག་གིས་ཕྱི་ལོ་༡༩༥༠ ང་གྲངས་ནང་བོད་ལ་ཁྲིམས་འགལ་གྱི་བཙན་འཛུལ་བྱས་ཏེ། བོད་ས་ཡོངས་རྫོགས་དྲག་པོའི་དབང་སྒྱུར་བྱས་པ་ནས་བཟུང་། འཛམ་གླིང་གིས་སྔར་གྱི་འཕགས་བོད་ཀྱི་རྒྱལ་མཚམས་དེ་རྒྱ་དཀར་ནག་གཉིས་ཀྱི་རྒྱལ་མཚམས་སུ་ངོས་འཛིན་བྱེད་སྲོལ་བྱུང་ཞིང་། ཕྱི་ལོ་༡༩༦༢ ལོར་འཛམ་གླིང་གི་མི་འབོར་ཨང་དང་པོ་དང་གཉིས་པར་གྱུར་བའི་རྒྱལ་ཁབ་གཉིས་ཀྱི་བར་དུ་དམག་འཁྲུག་དྲག་པོ་ཞིག་བྱུང་རྗེས། རྒྱལ་ཁབ་གཉིས་ཀྱི་བར་དུ་ས་མཚམས་ཀྱི་རྩོད་རྙོག་ཡང་ནས་བསྐྱར་དུ་འབྱུང་བཞིན་ཡོད། 

ཟླ་སྔོན་མར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་དྲག་པོའི་གདོང་ཐུག་བྱུང་སྟེ་ཕན་ཚུན་རྨས་སྐྱོན་གཏོང་རེས་བྱས་རྗེས། གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐོར་ལ་གླེང་སློང་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱལ་ཁབ་གཉིས་ཀྱི་དམག་མིས་ཁ་རྩོད་དང་ལག་འཛིང་བྱེད་བཞིན་པའི་བརྙན་ཐུང་བརྒྱུད་སྐུར་མཆན་འདེབས་སོགས་བྱུང་ནས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་དྲག་པོའི་གདོང་ཐུག་ཅིག་འབྱུང་ལ་ཉེ་བའི་རྣམ་པ་ཞིག་མངོན་ན་ཡང་། ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་འབྲེལ་ཡོད་དཔོན་པོ་ཚོས་སྤེལ་བའི་བསྒྲགས་གཏམ་དེའི་ནང་། ས་མཚམས་སུ་“ཞི་བདེ་ལྷིང་འཇགས་སྲ་བརྟན་”ཡོང་བའི་ཆེད། རྒྱལ་ཁབ་གཉིས་ཀས་“མུ་མཐུད་དམག་དང་གྲོས་མོལ་གྱི་འབྲེལ་ལམ་རྒྱུན་སྐྱོང་”བྱེད་རྒྱུ་ཡིན་སྐོར་བཤད་ཡོད་འདུག 

དཀར་ནག་གཉིས་ཀྱི་ཉེ་ཆར་གྱི་ས་མཚམས་རྩོད་རྙོག་ཆེ་ཤོས་དེ་ཕྱི་ལོ་༢༠༡༧ ལོར་འབྲོག་ལམ་ཁུལ་དུ་བྱུང་ཞིང་། སྐབས་དེར་ཕྱོགས་གཉིས་ཀས་ཟླ་ངོ་འགའི་རིང་འབྲོག་ལམ་ཁུལ་དུ་དམག་རྒྱག་པའི་གྲ་སྒྲིག་དང་སྦྱོང་བརྡར་བྱས་རྗེས། དམག་མི་རྣམས་ས་ཁུལ་དེ་ནས་ཕྱིར་འཐེན་བྱེད་པའི་གྲོས་མཐུན་བྱུང་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།