རྒྱ་དཀར་ནག་གཉིས་འཇིགས་སྐུལ་བ་ངོས་འཛིན་བྱེད་ཕྱོགས་ལ་མ་མཐུན་པ།
རྒྱ་གར་གྱིས་ཕྱི་རྒྱལ་ལ་གནས་སྡོད་བྱེད་མཁན་ཡུ་གུར་བ་བཞི་ལ་རྒྱ་གར་དུ་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་པར་ཡོང་ཆེད་དུ་ཐོངས་མཆན་སྤྲད་ཡོད་འདུག་པས། རྒྱ་ནག་གིས་དེ་ལ་མི་དགའ་བའི་རྣམ་འགྱུར་བསྟན་འདུག

དེ་ཡང་དེ་སྔོན་རྒྱ་གར་གྱིས་པ་ཀི་སི་ཐན་དུ་ཡོད་པའི་འཇིག་སྐུལ་རིང་ལུགས་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པར་དོགས་གཞི་བྱས་པའི་མོ་ལ་ནཱ་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་འཇིག་སྐུལ་རིང་ལུགས་པ་ཡིན་པའི་ངོས་འཛིན་བྱེད་ཐུབ་མེད་པ་དང། ངོས་འཛིན་མི་བྱེད་ཆེད་རྒྱ་ནག་གིས་བརྒྱུད་སྐུལ་བྱས་ཡོད་པར་རྒྱ་གར་གྱིས་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། དེ་བཞིན་རྒྱ་ནག་གིས་རྒྱ་གར་དང་འབྲེལ་བ་ཡག་པོ་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་ཚོང་འབྲེལ་ཨ་སྒོར་ཐེར་འབུམ་༤༦ གི་ལས་འཆར་གསར་པ་ཞིག་བྱེད་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་པ་རེད་པས། རྒྱ་ནག་གི་བྱ་སྤྱོད་དེ་ལ་རྒྱ་གར་མི་དགའ་བ་བྱས་ཡོད་འདུག
ཐེངས་འདིར་རྒྱ་གར་གྱིས་རྒྱ་ནག་གིས་རྒྱལ་ཁབ་ལ་ངོ་རྒོལ་བ་ངོས་འཛིན་བྱེད་པའི་ཡུ་གུར་བ་ཁག་ཅིག་དང། ལྷག་པར་དུ་རྒྱ་ནག་གིས་འཇིག་སྐུལ་རིང་ལུགས་པར་ངོས་འཛིན་བྱེད་པའི་རྒྱལ་སྤྱིའི་ཡུ་གུར་བའི་ལྷན་ཚོགས་ཀྱི་འགན་འཛིན་དྷོལ་ཀོན་ཨི་ས་ལ་ཡང་རྒྱ་གར་དུ་ཡོང་ཆོག་པའི་ཐོངས་མཆན་སྤྲད་ཡོད་པས། དེ་ནི་རྒྱ་ནག་གི་བྱ་སྤྱོད་ལ་རྒྱ་གར་གྱིས་ཡ་ལན་སྤྲད་པ་ཡིན་སྐོར་འགྲེལ་བརྗོད་བྱེད་མཁན་མང་པོ་འདུག ཡུ་གུར་བ་༤ རྒྱ་གར་དུ་ལྷན་ཚོགས་ཤིག་གི་ཆེད་དུ་ཡོང་གི་ཡོད་པ་དང། ལྷན་ཚོགས་དེ་དང་འབྲེལ་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཀྱང་ཞུ་རྒྱུ་ཡིན་འདུག
རྒྱ་ནག་གཞུང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས། ཡུ་གུར་བ་དྷོལ་ཀོན་ཨི་ས་ནི་འཇིགས་སྐུལ་རིང་ལུགས་པ་ཡིན་པ་དང། ཁོ་ཁྲིམས་ལ་སྐྱེལ་རྒྱུ་ནི་ཁོ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཚང་མའི་ལས་འགན་ཡིན་སྐོར་བརྗོད་འདུག
རྒྱ་གར་གཙོས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་འབྲེལ་ལམ་གྱི་ཆབ་སྲིད་ལ་བོད་དང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་རྒྱ་རིགས་དང་ཡུ་གུར་བ་སོགས་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱ་ནག་དང་འབྲེལ་བ་ཡག་པོ་ཡོང་ཆེད་དུ་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་གི་མེད་པ། དེ་བཞིན་སྐབས་རེར་རྒྱ་ནག་དང་འབྲེལ་ལམ་ཡག་པོ་མེད་སྐབས། རྒྱ་ནག་གིས་ཁ་བྲལ་རིང་ལུགས་པར་ངོས་འཛིན་བྱས་པའི་༧གོང་ས་མཆོག་གཙོས་པའི་མི་གཞན་ལ་མཇལ་འཕྲད་གནང་བ་དང། ལུང་པ་དེར་ཡོང་བའི་ཐོངས་མཆན་སྤྲོད་པ་སོགས་བྱས་ཏེ། རྒྱ་ནག་ལ་ཡ་ལན་སྤྲོད་ཐབས་བྱེད་ཀྱི་ཡོད་པའི་བསམ་ཚུལ་ཡང་སྤྱི་ཚོགས་ནང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།