རྒྱ་དམག་གིས་གྲི་དང་སྟ་རེ་ཁྱེར་ནས་ཧྥི་ལི་ཕིན་ལ་ཚུར་རྒོལ་དང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་ཉེན་ཁ།
ལྷོ་རྒྱ་ནག་རྒྱ་མཚོའི་ནང་ད་ཆར་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་ཡོད་འདུག་པ་དང་། དམིགས་བསལ་རྒྱ་ནག་གིས་ཧྥི་ལི་ཕིན་མངའ་ཁུལ་ནང་ཚུར་རྒོལ་གྱིས་ཧྥི་ལི་ཕིན་གྱི་མཚོ་དམག་དང་རྒྱ་ནག་གི་དམག་མིའི་བར་གདོང་ཐུག་བྱུང་སྟེ། ཧྥི་ལི་ཕིན་གྱི་དམག་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། སྐབས་དེ་དུས་རྒྱ་ནག་གི་དམག་མི་ཡིས་གྲི་དང་སྟ་རེ་སོགས་ཁྱེར་ནས་ཚུར་རྒོལ་བྱས་ཡོད་འདུག

ཕྱི་ཚེས་༢༢ ཉིན་རྒྱ་གར་གྱི་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཧྥི་ལི་ཕིན་གྱི་མངའ་ཁུལ་ནས་རྒྱ་ནག་གིས་ཚུར་རྒོལ་བྱས་ཡོད་འདུག་པ་དང་། སྐབས་དེ་དུས་རྒྱ་ནག་གི་དམག་མིས་གྲི་དང་སྟ་རེ་ཁྱེར་ནས་ཧྥི་ལི་ཕིན་གྱི་མཚོ་དམག་ལ་ཚུར་རྒོལ་བྱས་པའི་རྐྱེན་གྱིས་ཧྥི་ལི་ཕིན་གྱི་དམག་མི་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་འདུག་པ་དང་། དམག་མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་པོ་ཕོག་ནས་ཛ་དྲག་གི་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་འདུག དོན་རྐྱེན་དེ་དག་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་གཉིས་བར་མུ་མཐུད་ནས་གྲོས་མོལ་བྱེད་ཀྱི་ཡོད་འདུག རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ་(Nicholas Burns)ཡིས་ད་ཆར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གནས་སྟངས་ཧ་ཅང་གིས་ཉེན་ཁ་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། མངའ་ཁུལ་དེའི་ནང་ཡོད་པའི་ཨ་རིའི་དམག་དཔུང་རྣམས་རྒྱ་ནག་དང་ཧ་ཅང་གི་ཐག་ཉེ་ས་རུ་ཡོད་ཀྱང་། ང་ཚོས་བརྡ་ལན་ལོག་པ་ཞིག་གཏོང་གི་མེད། ང་ཚོས་རྒྱ་ནག་དང་ཧྥི་ལི་ཕིན་གཉིས་ཕན་ཚུན་གྲོས་མོལ་བྱེད་རྒྱུར་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་། ཨ་རིས་ལྷོ་རྒྱ་ནག་རྒྱ་མཚོའི་བདེ་འཇགས་ཐད་ཉི་ཧོང་དང་ཐའེ་ཝན། ཧྥི་ལི་ཕིན་བཅས་དང་ལྷན་དུ་མཉམ་འབྲེལ་ཐོག་ནས་འགན་ཆ་ཚང་འཁུར་གྱི་ཡིན་པར་བརྗོད་འདུག་ལ།

དེ་བཞིན་ཨ་རིའི་གཞུང་ཚབ་པས་ཡོང་རྒྱུའི་ཨ་རིའི་འོས་བསྡུའི་ཁྲོད་རྒྱ་ནག་གི་ངོས་ནས་ཐེ་གཏོགས་བྱས་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་སྲིད་པ་ཨ་རིའི་ངོས་ནས་རྒྱ་ནག་ལ་ཉེན་བརྡ་གཏོང་གི་ཡོད། ཨ་རིའི་གསང་བའི་ལས་ཁུངས་(FBI)ཟེར་བའི་བརྒྱུད་ནས། ཨ་རིའི་འོས་བསྡུའི་སྐབས་སུ་རྒྱ་ནག་གིས་ཐེ་བྱུས་བྱེད་རྒྱུ་ཡིན་པ་ངེས་འདུག་ཅེས་དང་། དམིགས་བསལ་ཨ་རིའི་ནང་དྲྭ་ཐོག་ཏུ་གནས་ཚུལ་རྫུན་མ་ཁྱབ་སྤེལ་བ་བཅས་ཀྱིས། མི་མང་ཤོག་ཁག་གཉིས་སུ་བགོ་བ་སོགས་བྱེད་རྒྱུ་ཡིན་པའི་དཔང་རྟགས་ཆ་ཚང་རག་ཡོད་པ་སོགས་བརྗོད་ཡོད་འདུག ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་ཡོད་པ་ཞིག་ལ། རྒྱ་ནག་གཞུང་གིས་བདག་ཉར་བྱེད་པའི་དྲྭ་རྒྱ་གཏོར་རྒོལ་གཏོང་མཁན་དེ་འདྲ་ཡིས་ཨ་རིའི་ནང་གི་དྲྭ་རྒྱར་འཇབ་རྒོལ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གི་ཁས་ལེན་བྱེད་ཀྱི་ཡོད་མི་འདུག ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་དང་ལས་ཐོག་སྲིད་འཛིན་རྗོ་བྷ་ཌན་གཉིས་ཀས་རྒྱ་ནག་ཐོག་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་གློག་གི་རླངས་འཁོར་དང་། ཉི་གློག གཞན་དངོས་ཟོག་མང་པོ་ཞིག་གི་ཐོག་ཨ་རིས་ཁྲལ་ཆེན་པོ་བརྒྱབས་ནས་བཀག་འགོག་ཆེན་པོ་བྱེད་ཀྱི་ཡོད་འདུག ད་ཆར་ཨ་རི་དང་རྒྱ་ནག་གཉིས་བར་བློན་ཆེན་རིམ་པའི་ཐོག་ནས་གྲོས་མོལ་ཐེངས་འགའ་བྱས་ཡོད་འདུག་ལ། མ་འོངས་ལོ་ལྔའི་ནང་ཨ་རི་ནས་རྒྱ་ནག་ལ་སློབ་མ་ཁྲི་ལྔ་ཡོང་རྒྱུའི་རེ་བ་ཡོད་ཚུལ་རྒྱ་ནག་གཞུང་གིས་ཟླ་བ་སྔོན་མར་བརྗོད་ཡོད་འདུག རྒྱུ་མཚན་ནི་ཕྱི་ལོ་༢༠༡༡ ནས་ཨ་རིའི་སློབ་མ་རྒྱ་ནག་ནང་ཡོང་རྒྱུ་༡༥༠༠༠ ནས་༨༠༠ བར་ཉུང་དུ་ཕྱིན་ཡོད་འདུག ཨ་རིའི་གཞུང་ཚབ་པ་(Nicholas Burns)ཡིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་དོན། འདས་པའི་ཟླ་བ་འགའི་རིང་ཨ་རིའི་ནང་རྒྱ་མི་ཡིས་བཟོས་པའི་དོན་རྐྱེན་༦༡ ཙམ་བྱུང་ཡོད་པས། ཨ་རིའི་ནང་རྒྱ་མི་ཡོང་རྒྱུར་ཉེན་ཁ་ཆེན་པོ་ཡོད་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་མི་མང་བར་ལས་གཞི་མང་པོ་ཡོད་ཀྱང་ད་ཆར་བཀག་འགོག་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ས་མཚམས་ཀྱི་ལས་བྱེད་ཚོས་རྒྱ་ནག་གི་སློབ་ཕྲུག་ཚོ་ལ་དམིགས་ནས་དྲང་བདེན་མིན་པའི་བྱ་སྤྱོད་རིགས་སྤེལ་གྱི་ཡོད་པ་དང་། མཐོང་མཆན་བཀག་པ། གནམ་ཐང་དུ་དོན་མེད་འདྲི་རྩད་བྱེད་པ་སོགས་ཀྱི་བཀའ་ངལ་མང་པོ་བཟོ་བཞིན་ཡོད་ཚུལ་བརྗོད་ཡོད་འདུག ཨ་རིའི་མི་མང་མང་པོ་རྒྱ་ནག་གི་བཙོན་ཁང་ནང་དུ་ཡོད་འདུག་ལ། འགའ་ཤས་རྒྱ་ནག་ནས་ཕྱིར་ཨ་རི་ལ་ལོག་མ་བཅུག་ནས་བཀག་ཡོད་འདུག ཨ་རིའི་གཞུང་ཚབ་པས་ཁོང་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་ཨ་རིའི་མི་མང་རྣམས་ཐུག་ཏུ་ཕྱིན་པས། ཁོང་ཚོ་གང་མགྱོགས་གློད་དགོས་པའི་དགོས་འདུན་བཏོན་ཡོད་འདུག ཨ་རིའི་གཞུང་ཚབ་པས་ད་ཆར་ཨ་རྒྱ་གཉིས་བར་གྱི་མི་མཐུན་ས་གཙོ་བོ་ནི་རྒྱ་ནག་ནང་ཡོད་པའི་ཚོང་གཉེར་ཁང་མང་པོ་ཞིག་གིས་ཨུ་རུ་སུ་ལ་གོ་མཚོན་བཟོ་ཆེད་ཀྱི་རྒྱུ་ཆ་མང་པོ་འཚོང་གི་ཡོད་པ་དང་། དེ་དག་མཚམས་འཇོག་མ་བྱས་ཚེ་སྔར་ལས་དཔལ་འབྱོར་གྱི་ཉེས་ཆད་མང་བ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག འོན་ཀྱང་། རྒྱ་ནག་གིས་དེ་ཚོ་རྫུན་གཏམ་ཡིན་པ་ལས་དངོས་ཡོད་མ་རེད་ཅེས་བརྗོད་ཡོད་འདུག །
གསར་འགོད་པ། བསོད་ནམས་ཕུན་ཚོགས།