རྒྱ་དམར་གཞུང་གིས་གསོད་མི་ཐུབ་པ་གཅིག་ནི་རང་དབང་དང་། རང་དབང་འདོད་མཁན་རྣམས་ཀྱི་སྙིང་སྟོབས་དེ་ཡིན།

གསུམ་བཅུའི་དུས་དྲན་སྐུ་མགྲོན་རྣམ་གཉིས་ཀྱིས་བོད་དང་ཡུག་རེན་གཉིས་ཀྱི་གནས་སྟངས་ལ་ཁྱད་པར་མེད་པས་འཛམ་གླིང་གི་མི་ཚང་བས་བོད་ཀྱི་སྐོར་གླེང་སློང་དགོས་པ་དང་། རྒྱ་གཞུང་གིས་རང་དབང་དང་རང་དབང་འདོད་མཁན་རྣམས་ཀྱི་སྙིང་སྟོབས་དེ་གསོད་མི་ཐུབ་པས། ལྷག་པར་དུ་བོད་མི་ཚོས་རང་བཙན་བརྩད་ན་ལེགས་སྲིད་པའི་གསུང་བཤད་གནང་སོང་།

ཟླ་འདིའི་ཚེས་༡༠ ཉིན། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༦ པའི་གཞུང་འབྲེལ་མཛད་སྒོ་དེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སི་ལོ་ཝ་ཁི་ཡའི་སྲིད་འཛིན་ཟུར་པ་ཨན་དེ་རེ་ཇི་ཀི་སི་ཀ་(Mr Andrej Kiska) དང་། དམིགས་བསལ་སྐུ་མགྲོན་ཨི་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་ཇུ་ཀུ་ཀེ་ལེ་རེཌ་(Mr Juku-Kalle Raid) རྣམ་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་སྐབས།

སྐུ་མགྲོན་གཙོ་བོ་སི་ལོ་ཝ་ཁི་ཡའི་སྲིད་འཛིན་ཟུར་པས། བོད་ནི་ས་ཁྲའི་སྟེང་གི་ས་ཆ་ཙམ་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་གི་ངོ་བོ། ཆོས་དད་རང་དབང་བཅས་ཀྱི་སྡུག་བསྔལ་མྱོང་མཁན་གྱི་མཚོན་རྟགས་ཤིག་ཡིན་པ་དང་། ཨུ་རུ་སུས་ཡུག་རེན་ནི་ལོ་རྒྱུས་ཐོག་ཨུ་རུ་སུའི་ཆ་ཤས་ཤིག་ཡིན་པ་ཐག་གཅོད་བྱས་ཤིང་། ཡུག་རེན་གྱི་ས་ཆའི་ཆ་ཤས་ཤིག་བཙན་བཟུང་བྱས། ཨུ་རུ་སུས་ཡུག་རེན་གྱི་ཕྲུ་གུ་༥༠༠ གཙོས་པའི་ཉེས་མེད་མི་སེར་༡༠,༠༠༠ ལྷག་བསད་ཡོད་པ་དང་། དེ་བཞིན་ཨུ་རུ་སུས་བཙན་གྱིས་ཡུག་རེན་གྱི་བྱིས་པ་ཚོར་ཨུ་རུ་སུའི་སྐད་ཡིག་ཐོག་སློབ་ཁྲིད་བྱས་ནས་ཡུག་རེན་གྱི་རིག་གཞུང་དང་ལོ་རྒྱུས་མེད་པ་བཟོ་བཞིན་ཡོད་པས། ད་ལྟའི་ཆར་ཡུ་རོབ་ཀྱི་མིག་ཟུང་ཡུག་རེན་དང་ཨུ་རུ་སུའི་བར་གྱི་དམག་འཁྲུག་ཐོག་ལ་གཏད་ཡོད་ཅེས་དང་ ཁོང་གིས་ཨུ་རུ་སུ་དང་རྒྱ་ནག་བར་ཁྱད་པར་མེད་པ་མ་ཟད། ཡུག་རེན་དང་བོད་པ་གཉིས་ཀྱི་བར་ལ་ཁྱད་པར་མེད་པས། ཡུ་རོབ་གཙོས་པའི་འཛམ་བུ་གླིང་གི་མི་ཚང་མས་བོད་ཀྱི་སྐོར་གླེང་སློང་བྱེད་དགོས་པའི་སྐོར་སོགས་གསུང་བཤད་གནང་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་ཁོང་གིས། རྒྱ་ནག་གཞུང་གིས་ལོ་ངོ་༦༦ གོང་དུ་བོད་མི་ས་ཡ་༡,༢ བསད་ཡོད་པ་དང་། བོད་མི་དེ་དག་ནི་རང་དབང་ལས་གཞན་གང་ཡང་མི་འདོད་མཁན་ཤ་སྟག་ཡིན་པ་དང་། ཨེ་སི་ཊོ་ནི་ཡ་ལ་མི་འབོར་ཁྱོན་བསྡོམས་ས་ཡ་༡,༢ ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པས་ཨེ་སི་ཊོ་ནི་ཡའི་མི་ཚང་མ་བསད་པ་ལྟ་བུར་ཆགས་ཡོད་ཅེས་དང་། དེ་བཞིན་ཁོང་ཚོ་ཨུ་རུ་སུ་དམར་ཤོག་ཚོགས་པའི་དབང་སྒྱུར་འོག ལོ་ངོ་༥༠ གནས་ཡོད་པར་བརྟེན། ཁོང་ཚོས་ང་ཚོ་བོད་མི་རྣམས་གནས་སྟངས་གང་འདྲའི་འོག་འཚོ་གནས་བྱེད་བཞིན་པ་ཚོར་གྱི་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་གསོད་མི་ཐུབ་པ་གཅིག་ནི་རང་དབང་དང་། རང་དབང་འདོད་མཁན་རྣམས་ཀྱི་སྙིང་སྟོབས་དེ་ཡིན་པས་བོད་མི་རྣམས་ནི་རང་དབང་འདོད་མཁན་སྙིང་སྟོབས་ཅན་རྣམས་ཡིན་ཞེས་དང་། དེ་བཞིན་ཁོང་གིས། གལ་སྲིད་ཁྱེད་རང་ཚོས་རང་ཉིད་ལ་ཅི་ཞིག་དགོས་པ་མི་ཤེས་ན། རོགས་པ་བྱེད་མཁན་སུ་ཡང་མེད། ངས་བསམ་བློ་གཏོང་དུས། དབུ་མའི་ལམ་གྱི་སྲིད་བྱུས་དེ་ཕལ་ཆེར་འགྲིག་གི་ཡོད་ས་མ་རེད། (maybe this middle way policy isn’t right) ། ཁྱེད་རྣམས་ཀྱིས་ཕལ་ཆེར་རྒྱ་ནག་གི་སྲིད་གཞུང་འོག་ཏུ་དབུ་མའི་ལམ་མ་བདམས་པར་རང་བཙན་(Freedom) འདེམས་དགོས་ས་རེད་སོགས་ཀྱི་གསུང་བཤད་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།