རྒྱ་ནག་གཅིག་གི་སྲིད་ཇུས་ནི་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཡིན།
རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ཐོག་རྒྱལ་ཁབ་གཅིག་ལ་དམིགས་བསལ་མེད། རྒྱལ་ཁབ་གཞན་པ་ཚོས་རྒྱ་ནག་དང་འབྲེལ་ལམ་གོང་མཐོར་གཏོང་བར་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ནི། སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཆགས་ཡོད་ཅེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ནི་རྒྱ་ནག་དང་འབྲེལ་ལམ་གོང་མཐོར་གཏོང་བྱེད་ཀྱི་གཞི་རྩའི་གནད་དོན་ཡིན་པས། གནད་དོན་འདིའི་ཐད་ནས་རྒྱལ་ཁབ་གཅིག་ལ་ཡང་དམིགས་བསལ་མེད་ཅེས་ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་ཕྱི་དྲོར་ཧྥ་རན་སའི་ཕྱི་སྲིད་བློན་ཆེན་ཇིན་མག་ཨེ་རོལ་ཊི་ལ་བརྗོད་ཡོད་འདུག
དེ་བཞིན་ཁོས་ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ས་ཁོངས་གཙང་མ་ཞིག་རེད་ཅེས་དང་། “རྒྱལ་ཁབ་གཞན་པ་ཚོས་རྒྱ་ནག་དང་འབྲེལ་ལམ་གོང་མཐོར་གཏོང་བར་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ནི་སྔོན་འགྲོའི་ཆ་རྐྱེན་དང་རྨང་རྡོ་ཆགས་ཡོད་པས། གལ་གནད་ཆེ་བའི་སྲིད་ཇུས་འདི་འགྲིག་མི་འགྲིག་གི་སྐད་ཆ་བཤད་མཁན་གྱི་རྒྱལ་ཁབ་གཅིག་ལ་ཡང་ང་ཚོས་དམིགས་བསལ་གཏོང་རྒྱུ་མེད་”ཅེས་བརྗོད་ཡོད་འདུག ཡང་ཁོས་“རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་ཐོག་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ཨེ་རོལ་ཊི་ལ་ལངས་ཕྱོགས་གཙང་མ་ཡོད་པས་དེར་རྗེས་སུ་ཡི་རངས་ཡོད་”ཅེས་ཀྱང་བརྗོད་ཡོད་འདུག
པེ་ཅིང་གིས་ཐའེ་ཝན་དེ་ངོ་ལོག་གི་ཞིང་ཆེན་ཞིག་ཡིན་ཡང་། དཔུང་ཤུགས་ལ་བརྟེན་ནས་ཁོ་རང་ཚོའི་སྟངས་འཛིན་འོག་ཏུ་འཇུག་གི་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཐའེ་ཝན་རང་བཙན་ནི་ནམ་ཡང་ཡོང་རྒྱུ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག ཉེ་ཆར་ཨ་རིའི་བདམས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་དང་ཐའེ་ཝན་གྱི་སྲིད་འཛིན་གཉིས་ཁ་པར་བརྒྱུད་ཡོངས་གྲགས་སུ་འབྲེལ་ལམ་བཟུང་བ་དེས། ལོ་ངོ་བཅུ་ཕྲག་བཞི་ལ་ཉེ་བའི་རིང་རྒྱ་ནག་གོང་བུ་གཅིག་གྱུར་གྱི་སྲིད་ཇུས་བཞིན། ཨ་མི་རི་ཁས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་བཞིན་པའི་ལངས་ཕྱོགས་ལ་འཕོ་འགྱུར་ཡོང་རྒྱུའི་དོགས་པ་ཆེན་པོ་ཞིག་བཟོས་ཡོད་པ་དང་དེར་རྒྱ་ནག་ཁོང་ཁྲོ་དྲག་པོ་ལངས་བཞིན་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།