བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༣ ཕྱི་ལོ་ ༢༠༢༠/༠༣/༠༣
ད་ལྟའི་དུས་འདིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་རྒྱ་དམར་གཞུང་གིས་རྒྱ་ནག་གཅིག་ཅེས་པ་དེ་མུ་མཐུད་ཁས་ལེན་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་དང་། རྒྱ་དམར་གཞུང་དང་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཞིག་གིས་སྔོན་མ་ནས་གནད་དོན་དེ་ཁས་ལེན་བྱ་རྒྱུ་ཆིངས་ཡིག་ནང་བཀོད་ཡོད་པ་རེད། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་བརྗོད་ཡོང་བའི་སྐབས་སུ་ཐོག་མའི་དམིགས་ཡུལ་ནང་། གཙོ་བོ་ཐའེ་ཝན་དེ་རྒྱལ་ཁབ་ཅིག་མ་ཡིན་པར་རྒྱ་ནག་རང་གི་མངའ་སྡེ་ཞིག་ཡིན་པ་དང་། དེ་བཞིན་ཧོང་ཀོང་དང་། མེའོ་ཀོ་སོགས་ཀྱང་རྒྱ་གཞུང་གི་ཁོངས་གཏོགས་ཡིན་པས། དེ་དག་རྒྱ་ནག་ལས་ཐ་དད་མ་ཡིན་པར་རྒྱ་ནག་གཅིག་ཅེས་པ་ཡིན་པར་ངོས་འཛིན་བྱེད་དགོས་པ་དེ་རེད། དེའི་རྗེས་སུ་རིམ་པས་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱང་གནད་དོན་དེའི་འོག་ཏུ་རྒྱུག་པ་ལེབ་རྡུང་ལྟ་བུ་བྱེད་བཞིན་ཡོད་པ་དང་། བོད་རྒྱ་ཁོངས་ཡིན་པར་ཟུར་དུ་ཆིངས་ཡིག་བཞག་མེད་མཁན་རྣམས་ལ་རྒྱ་ནག་གཅིག་ཅེས་པ་དེས་གོ་ཆོད་པ་ལྟ་བུ་བྱེད་བཞིན་པའི་རྣམ་འགྱུར་ཞིག་ཀྱང་མངོན་གསལ་དུ་བྱུང་ཡོད།
ད་ལྟ་འཛམ་གླིང་གི་ཁྱོན་ཡོངས་སུ་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་སྲིད་གཞུང་སོ་སོས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་དང་ལས་འགུལ་འགྲོ་བཞིན་ཡོད་པ་མ་ཟད། ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཉིས་ཀྱིས་ཨ་རིའི་གཞུང་ལ་“རྒྱ་ནག་གཅིག་གི་སྲིད་བྱུས་”མཚམས་འཇོག་བྱས་ཏེ་ཐའེ་ཝན་དང་ལྷན་དུ་གཞུང་འབྲེལ་གྱི་འབྲེལ་ལམ་བསྐྱར་གསོ་བྱེད་དགོས་པའི་ཁྲིམས་འཆར་གསར་པ་ཞིག་བཏོན་ཡོད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད། གོང་དུ་བརྗོད་པ་བཞིན་རྒྱ་ནག་གཅིག་ཅེས་པ་གཙོ་བོ་ཐའེ་ཝན་སོགས་ལ་དམིགས་པ་ཡིན་པས། ད་ལན་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་དེ་བཏང་བ་ཞིག་ཡིན་པ་དང་། གལ་སྲིད་ཁྲིམས་འཆར་དེ་གཏན་འབེབས་བྱེད་ཐུབ་པའི་དབང་དུ་བཏང་ན། བཟང་པོའི་ཞོར་ལ་ཇ་ཆང་ཟེར་བའི་དཔེ་ལྟར་བོད་དང་། ཤར་ཏུར་ཀི་སི་ཐན། སོག་པོ་སོགས་ལའང་ཕན་ཐོགས་ཆེན་པོ་ཡོད། དེར་བརྟེན་བོད་པའི་ངོས་ནས་ཀྱང་རྒྱ་ནག་གཅིག་གི་སྲིད་བྱུས་འདི་ཉིད་གལ་ཆུང་དུ་བརྩི་མི་རུང་བ་མ་ཟད། བོད་དང་འབྲེལ་བ་མེད་པ་ཞིག་ཏུའང་ངོས་འཛིན་བྱེད་མི་རུང་།
རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ངར་ཤུགས་དེ་ཆེན་པོ་འགྲོ་བཞིན་ཡོད་སྟབས། བོད་པས་ཀྱང་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ། འདས་པའི་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོངས་ཐབས་སུ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་ནང་ལས་འགུལ་སྤེལ་དགོས་པ་དང་། ད་ལྟའི་ཆར་བོད་ཀྱི་རྩོམ་པ་པོ་དང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་དྷ་ས་ནས་ལྡི་ལི་བར་ཞི་བའི་གོམ་བགྲོད་གནང་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་ཞུ་གཏུག་བྱེད་བཞིན་ཡོད་ཅིང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་དང་། རྒྱ་གར་མི་མང་གི་ངོས་ནས་འདི་ལ་དོ་སྣང་དང་ཁྱབ་བསྒྲགས་ཆེན་པོ་བྱེད་བཞིན་པའི་སྐབས་ཤིག་ཏུ་གྱུར་ཡོད་པ་བཞིན། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོར་ལས་འགུལ་འདི་ལྟ་བུ་སྤེལ་ཐུབ་ན་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མི་འགལ་བར་བོད་དོན་ལ་ཕན་ཐོགས་ཆེ་བའི་ལས་འགུལ་ཞིག་ཏུ་མངོན།
གལ་སྲིད་འཛམ་གླིང་གི་སྲིད་གཞུང་ཕལ་མོ་ཆེས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གནང་ཐུབ་པ་བྱུང་ན། རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད་པས། བོད་ཀྱི་ལོ་རྒྱུས་ཀྱི་དོན་དངོས་འདི་ཉིད་བོད་པའི་ངོས་ནས་ཀྱང་ར་སྤྲོད་བྱེད་དགོས་པ་དང་། འདས་པའི་མི་ལོ་སུམ་ཅུ་ཙམ་གྱི་རིང་དང་བསྡུར་ན་རྒྱལ་སྤྱིའི་ཁྲོད་རྒྱ་དམར་གཞུང་ལ་ལྟ་སྟངས་སྡུག་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད་པས། བོད་པ་ལ་མཚོན་ན་ཆབ་སྲིད་ཀྱི་འཁོར་ཕྱོགས་འདི་ཉིད་གོ་སྐབས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཆོག རྒྱལ་སྤྱིའི་ཁྱོན་དུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་བསམ་བློ་གཏོང་བཞིན་པའི་སྐབས་འདིར། བོད་པས་ཀྱང་དེ་དང་འབྲེལ་བའི་ལས་འགུལ་སྤེལ་མ་ཐུབ་ན་ད་ལྟའི་མི་རབས་འདི་དང་། ལྷག་པར་དུ་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་དོན་མ་འགྲུབ་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་ད་ལྟ་གཞུང་དང་སྒེར་ཚང་མའི་ངོས་ནས་གནད་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས་པ་དེ་གནད་འགག་ཆེན་པོ་ཡིན།
མདོར་ན་མ་འོངས་པར་རྒྱ་དམར་གཞུང་གི་འོག་ཏུ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་དགོས་པའམ། དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་དགོས་པའི་དམིགས་ཡུལ་གང་ཡིན་ཡང་། བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མ་ཡིན་པ་འདི་ཉིད་ར་སྤྲོད་དང་། རྒྱལ་ཁབ་དང་མི་རིགས་གཞན་གྱིས་ངོས་འཛིན་བྱེད་མ་ཐུབ་ན། བོད་དོན་ཇི་ལྟར་བཤད་ཀྱང་རྒྱ་ནག་གི་ནང་སྲིད་ཁོ་ནའི་གནད་དོན་ཞིག་ཏུ་འགྱུར་སྲིད་པས། ༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་དོན་འཁྱོལ་ཡོང་བར་ཡང་། རྒྱལ་སྤྱིའི་ཁྱོན་ནས་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་བམ། རྒྱ་ནག་གི་ཆ་ཤས་གཏན་ནས་མིན་པའི་ཁུངས་སྐྱེལ་བྱེད་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད། བོད་པའི་ངོས་ནས་མ་འོངས་པའི་ཁ་ཕྱོགས་འཚོལ་བའི་ཆེད་དུ་མ་འོངས་པ་ཁོ་ན་བཤད་པ་ཙམ་མིན་པར། མ་འོངས་པའི་ཆེད་དུ་འདས་པའི་ལོ་རྒྱུས་ཀྱི་གནས་སྟངས་གསལ་པོ་བཟོ་དགོས་པ་དང་། རྒྱལ་ཁབ་མང་པོས་དེར་ངོས་ལེན་དང་རྒྱབ་སྐྱོར་འཐོབ་ཐུབ་པ་བྱུང་ན་དེ་ནི་གཞི་རྩ་བརྟན་ཤོས་ཤིག་ཏུ་གྱུར་ཡོད།།