རྒྱ་ནག་གཅིག་དང་བོད་གཉིས།
རྒྱ་དམར་དྲག་པོའི་གཞུང་གིས་རྒྱལ་སྤྱིའི་ནང་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་ནི་ཕྱི་འབྲེལ་ལས་དོན་གྱི་རྨང་གཞི་ལྟ་བུར་བརྩིས་ཡོད་ལ། འབྲེལ་བ་ག་འདྲ་ཞིག་ཡིན་ཡང་ཐོག་མ་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་ཁས་ལེན་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད། དེ་ལྟར་བྱེད་དགོས་དོན་ནི་རྒྱ་ནག་རྒྱལ་ཁབ་ལ་མཚོན་ན་ད་དུང་ཡང་རྒྱ་ནག་ཅེས་པའི་ཐ་སྙད་འདིའི་ཐོག་ནས་ཁོ་རང་ཚོའི་རེ་བ་ཡོད་པ་ཆ་ཚང་ཞིག་འགྲེལ་བརྗོད་བྱེད་ཐུབ་ཀྱི་མེད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཞིང་། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་གལ་ཆེན་པོར་བརྩི་དགོས་པའི་རྒྱུ་མཚན་ཡང་འདི་ལ་བརྟེན་ནས་བྱུང་ཡོད། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་ནང་བོད་ཚུད་མེད་པའི་འགྲེལ་བཤད་རྒྱག་མཁན་ཡོང་གི་ཡོད་ལ། རྒྱ་དམར་གཞུང་གི་འདོད་ཕྱོགས་ཀྱང་དེ་རེད། བོད་ནི་རྒྱ་ནག་གི་དབང་འོག་ཏུ་ཡོད་ཡོད་པ་ཡིན་པས་རྒྱ་ནག་ལས་ལོགས་སུ་ངོས་ལེན་དགོས་དོན་མེད་པའི་རྒྱུ་མཚན་གྱིས་ཡིན་ཚུལ་དང་། རྒྱལ་ཁབ་གཅིག་གི་སྲིད་བྱུས་ནི་ཧོང་ཀོང་དང་། ཨོ་མེན། གཙོ་བོ་ཐའེ་ཝན་ལ་དམིགས་ཡོད་ཚུལ་བརྗོད་བཞིན་ཡོད། ཐའེ་ཝན་ནི་ཕྱི་འབྲེལ་དང་ནང་སྲིད་སོགས་གང་ཐད་ནས་རྒྱ་ནག་དང་རྦད་དེ་ཐ་དད་ཡིན་ཡང་། མ་འོངས་པར་རྒྱ་ནག་གི་དབང་བསྒྱུར་འོག་ལེན་རྒྱུའི་ཧམ་སེམས་ཐོག་ནས་བརྗོད་པ་རེད། རྒྱ་དམར་གཞུང་གི་སྲིད་བྱུས་ག་རེ་ཡིན་མིན་ལ་མ་ལྟོས་པར། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གཅིག་ཅེས་པའི་ངན་བྱུས་འོག་བོད་ཀྱང་ཚུད་ཡོད་པར་ངོས་འཛིན་བྱེད་དགོས། རྒྱ་དམར་གཞུང་གིས་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཙམ་ལས། བོད་དོན་གྱི་རྩོད་གཞི་གང་ཡང་མེད་ཚུལ་བརྗོད་བཞིན་ཡོད་ཀྱང་། ང་ཚོའི་ངོས་ནས་༧གོང་ས་མཆོག་སྐུ་སྒེར་དང་འབྲེལ་བའི་གནད་དོན་གང་ཡང་མེད་པར་བོད་ཀྱི་རྩ་དོན་འཐབ་རྩོད་དེ་བོད་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བ་ཞིག་ཏུ་ངོས་འཛིན་བྱེད་དགོས། དེ་ཙམ་གྱིས་བོད་དོན་འཐབ་རྩོད་ལ་ནུས་པ་ཆེན་པོ་ཡོད། རྒྱ་ནག་གཅིག་གི་སྲིད་བྱུས་ནང་བོད་ཚུད་མེད་ཅེས་པ་དེ་བོད་དོན་ལ་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་མིན་པར། རྒྱ་གཞུང་གི་ངོས་ནས་ཐའེ་ཝན་སོགས་དང་བསྡུར་ན་བོད་དོན་ལ་རྩོད་རྙོག་ཆེན་པོ་གང་ཡང་མིན་པའི་དོན་རེད། བོད་དོན་འཐབ་རྩོད་དང་མ་འོངས་པའི་ཁ་ཕྱོགས་གང་ཐད་ནས་བསྐྱར་ཞིབ་ཚད་ལྡན་ཞིག་བྱེད་རན་པ་མ་ཟད། འཕྱིས་དྲགས་ལ་ཉེ་བའི་ཚད་དུ་སླེབས་ཡོད། ད་ཆ་བོད་ནང་དུ་དམ་དྲག་དང་དཀའ་ངལ་མང་པོ་ཞིག་ཡོད་ཀྱང་། ཤར་ཏུར་ཀི་སི་ཐན་གྱི་གནད་དོན་དང་བསྡུར་ན། བོད་དོན་ལ་རྒྱལ་སྤྱིའི་སྟེང་དུ་ངོས་འཛིན་དང་རྒྱབ་སྐྱོར་གང་ཐད་ནས་ཧ་ཅང་ཚད་དམའ་རུ་གྱུར་ཡོད། དེའི་རྒྱུ་མཚན་ལ་བསམ་བློ་བཏང་ན་རྒྱ་གཞུང་གི་དམ་དྲག ཐོག་ནས་བོད་དུ་གུ་ཡངས་པ་དང་། ཤར་ཏུར་ཀི་སི་ཐན་དུ་དམ་དྲག་ཆེ་བ་ཡོད་པའི་རྒྱུ་མཚན་གྱིས་གཏན་ནས་མ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་མ་འོངས་པར་བོད་དེ་རྒྱ་ནག་གི་མཉམ་དུ་སྡོད་རྒྱུའི་སྲིད་བྱུས་ལངས་ཕྱོགས་བཟུང་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཆབ་སྲིད་ཀྱི་ཐོག་ནས་དམར་ཤོག་གི་ལམ་ལུགས་ལ་འགྱུར་བ་གང་ཡང་མི་དགོས་པར། རྒྱ་དམར་གཞུང་གི་འགོ་ཁྲིད་འོག་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་ཙམ་སྤྲད་ན་ཁས་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་ཁས་ལེན་བྱས་ནས་མི་ལོ་ཉི་ཤུ་བརྒལ་ཡོད། ཕྱི་ལོ་༡༩༧༩ ལོར་བོད་རྒྱ་ནག་དང་ཁ་འབྲལ་རྒྱུ་མིན་པ་ཡོངས་གྲགས་བྱས་ནས་ལོ་༤༤ འདས་ཟིན་པ་དང་། མུ་མཐུད་སྲིད་བྱུས་དེ་གཞུང་དམངས་གཉིས་ནས་བསྐྱར་ཟློས་ཡང་ཟློས་བྱས་པས། འདས་པའི་མི་ལོ་ཉི་ཤུའི་སྔོན་རྒྱལ་སྤྱིའི་སྟེང་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་བལྟས་ན། བོད་དོན་སྲིད་བྱུས་ཀྱི་ཁ་ཕྱོགས་དེ་ལྟ་བུ་ཞིག་མི་འཛིན་ཀ་མེད་ཡིན་ནའང་། ད་ལྟ་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་བལྟས་ན། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ནི་རྒྱལ་སྤྱིའི་ཁ་ཕྱོགས་དང་གཏན་ནས་མི་མཐུན་པ་ཞིག་རེད། སྤྱིར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དགོས་མཁོ་གང་ཡོད་པ་ནི་བོད་པ་རང་ངོས་ནས་གཏན་ཁེལ་དང་ཐག་གཅོད་བྱེད་དགོས་པ་ལས། རྒྱལ་སྤྱིའི་ཁ་ཕྱོགས་དང་ངེས་པར་དུ་བསྟུན་དགོས་པ་ཞིག་མིན་ཡང་། ད་ལྟ་འགྲོ་བཞིན་པའི་སྲིད་བྱུས་འདི་ཡང་སྐབས་དེའི་རྒྱལ་སྤྱིའི་ཁ་ཕྱོགས་ལ་བརྟེན་ནས་གཏན་འབེབས་བྱས་པས། ད་ལྟའི་ཆར་ཡང་རྒྱལ་སྤྱིའི་ཁ་ཕྱོགས་དང་བོད་ཀྱི་དགོས་མཁོ་ལ་བརྟེན་ནས་བསྐྱར་ཞིབ་བྱེད་རན། མདོར་ན་བོད་ཀྱི་མ་འོངས་པའི་རེ་བ་དང་གོ་སྐབས། རྒྱལ་སྤྱིའི་ཁ་ཕྱོགས་བཅས་གང་ཐད་ནས་བོད་རང་བཙན་སླར་གསོའི་ཐོག་ལ་ཤུགས་རྒྱག་རྒྱུའི་དུས་ལ་བབ་ཡོད། ཁམས་དང་། ཨ་མདོ། མངའ་རིས་བཅས་བོད་ཀྱི་ཁྱབ་ཁོངས་ཡིན་མིན་དང་། རྒྱ་ནག་གཅིག་ཅེས་པའི་ནང་དུ་བོད་མེད་ཚུལ་དང་། ད་ལྟ་བོད་ཅེས་པ་དེ་འདས་པའི་ལོ་རྒྱུས་ནང་གཉིས་ཡིན་པ་ལྟ་བུའི་འགྲེལ་བཤད་དང་། བོད་སྤྱི་ཡོངས་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་པའི་རྩོད་གཞི་བསླངས་པ་སོགས། མ་འོངས་པར་གཞུང་འབྲེལ་གྱི་ཐོག་ནས་འགོ་བའི་ནད་བཞིན་སྤང་བྱ་ཁོ་ན་ཡིན་པ་གཅིག་གྱུར་གྱིས་ངོས་འཛིན་ཐུབ་པ་ཞིག་བཟོ་དགོས། དེ་ལྟར་བྱེད་མ་ཐུབ་ན་བོད་དོན་འཐབ་རྩོད་ལ་ནུས་པ་ཐོན་མི་སྲིད་པ་མ་ཟད། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་འདི་ཡང་རྒྱུན་རིང་སྲ་བརྟན་དུ་གནས་ཐུབ་མིན་བཤད་དཀའ་བར་གྱུར་ཡོད། གནད་དོན་འདི་ནི་བོད་པ་ནང་ཁུལ་དུ་དགའ་མིན་དགའ་དོགས་དང་འབྲེལ་བ་གང་ཡང་མེད་པར་བོད་དོན་འཐབ་རྩོད་ཀྱི་འགག་རྩ་ཁོ་ནར་གྱུར་པའི་གནད་འགག་ཉག་གཅིག་ཏུ་གྱུར་ཡོད།།