རྒྱ་ནག་གཞུང་གི་ཤར་ཏུར་ཀི་སི་ཐན་ཁུལ་དུ་བཀག་སྡོམ་གསར་པ།
རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ཁུལ་གྱི་མི་མང་ཚོས་སྤྱིར་བཏང་མ་ཡིན་པའི་རྒྱ་རིང་པོ་འཇོག་མི་ཆོག་པ་དང་། གདོང་ཁེབས་གྱོན་མི་ཆོག་པ། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བལྟ་འདོད་མེད་པ་བྱེད་མི་ཆོག་པ་བཅས་ཀྱི་བཀག་སྡོམ་གསར་པ་བཟོས་ཡོད་འདུག
ཟླ་འདིའི་ཚེས་༡ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཁ་ཆེ་ཡུ་གུར་བ་མི་མང་ཕོན་ཆེན་གནས་སྡོད་ཀྱི་ཁུལ་ཤར་ཏུར་ཀི་སི་ཐན་ཁུལ་དུ། རྒྱ་ནག་གཞུང་གིས་ཁྲིམས་གསར་ཞིག་གཏན་འབེབས་བྱས་ཡོད་འདུག་པ་དང་དེའི་ནང་བཀག་སྡོམ་གྱི་ཁྲིམས་གསར་པ་མང་པོ་ཡོད་པ་རེད་འདུག དེ་ཡང་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའི་འཐབ་རྒོལ་གྱི་མིང་ཁྱེར་ནས། བཀག་སྡོམ་གསར་པ་ཁག་ཅིག་བཟོས་ཡོད་འདུག་པ་དང་། དེའི་ནང་དུ་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་ཁུལ་གྱི་མི་མང་རྣམས་ཀྱིས་སྤྱིར་བཏང་མ་ཡིན་པའི་རྒྱ་རིང་པོ་འཇོག་མི་ཆོག་པ་དང་། གདོང་ཁེབས་གྱོན་མི་ཆོག་པ། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བལྟ་འདོད་མེད་པ་བྱེད་མི་ཆོག་པ། དེ་བཞིན་ཕྲུ་གུ་རྣམས་གཞུང་གི་སློབ་གྲྭར་མི་གཏོང་བ། བུ་བཙའ་སྲིད་ཇུས་བརྩི་སྲུང་མི་བྱེད་པ། ཆེད་དུ་མངགས་ནས་ཁྲིམས་ཀྱི་ཡིག་ཆར་གཏོར་སྐྱོན་བྱེད་པ། ཆོས་ལུགས་ཀྱི་བྱེད་སྟངས་ཁོ་ནར་བརྟེན་ནས་ཆང་ས་རྒྱག་པ་བཅས་བཀག་སྡོམ་བྱས་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་སྤྱིར་བཏང་གི་རྒྱའི་རིང་ཚད་གང་འདྲ་ཞིག་ཡིན་མིན་སྐོར་ལ་གང་ཡང་གསལ་བཤད་བྱས་མེད་པ་རེད་འདུག
དེ་བཞིན་དམངས་སྤྱོད་ཀྱི་ས་ཆ་འབབ་ཚུགས་ཁག་དང་གནམ་ཐང་སོགས་ལ་ལས་ཀ་བྱེད་མཁན་ཚོས། གཟུགས་པོ་ཆ་ཚང་བཀབ་པའམ་གདོང་ཁེབས་གྱོན་མཁན་སོགས་ཀྱི་མི་རྣམས་ནང་དུ་འཛུལ་འཇུག་མི་ཆོག་པ་མ་ཟད། དེ་རིགས་ཉེན་རྟོག་པར་སྙན་སེང་ཞུ་དགོས་སྐོར་གྱི་བཀག་སྡོམ་གསར་བཟོ་བྱས་ཡོད་འདུག
བཀག་སྡོམ་གསར་པ་དེ་དག་ལ་ཁུལ་དེའི་ཁྲིམས་བཟོ་བ་ཚོས་རྒྱབ་སྐྱོར་བྱས་ནས། ཁུལ་དེའི་གཞུང་འབྲེལ་དྲ་རྒྱར་བཀོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།