རྒྱ་ནག་གཞུང་གིས་ཉི་ཧོང་དང་དམག་འཁྲུག་གི་ལོ་རྒྱུས་དུས་ཡུན་ལོ་དྲུག་སྣོན་འཇུག་བྱས་འདུག

རྒྱ་ནག་གཞུང་གིས་ཤེས་ཡོན་སློབ་སྟོན་པ་ཚོར་སློབ་གྲྭའི་སློབ་དེབ་ཁག་ནང་དུ། ཉི་ཧོང་དང་དམག་འཁྲུག་གི་ལོ་རྒྱུས་དེ་གསར་དུ་བྲིས་ནས། དམག་འཁྲུག་གི་དུས་ཡུན་ལ་ལོ་དྲུག་སྣོན་དགོས་པའི་བཀའ་བཏང་ཡོད་འདུག

79715དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་ནིའུ་ཡོག་དུས་བབ་སྟེང་དུ་གནས་ཚུལ་བཀོད་གསལ། དེ་སྔོན་རྒྱ་ནག་གི་ལོ་རྒྱུས་སློབ་དེབ་ཁག་ཏུ་ཉི་ཧོང་གི་བཙན་འཛུལ་ལ་དྲག་རྒོལ་བྱས་པའི་དམག་འཁྲུག་དུས་ཡུན་ནི་ཕྱི་ལོ་༡༩༣༧ ནས་༡༩༤༥ སྟེ་ལོ་༨ ཡིན་པ་ཡོངས་བསྒྲགས་བཀོད་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གི་བཀའ་རྒྱ་གཞིར་བཟུང་བྱས་ན་དམག་འཁྲུག་གི་དུས་ཡུན་དེ་ནི་ཕྱི་ལོ་༡༩༣༡ ནས་༡༩༤༥ བར་ཡིན་པ་དང་ལོ་དྲུག་གི་རིང་དུ་བཏང་ཡོད་འདུག་པས། དེ་ལ་རྒྱབ་སྐྱོར་བྱེད་མཁན་དང་སྐྱོན་བརྗོད་བྱེད་མཁན་འདྲ་མིན་ཡོད་པ་རེད་འདུག

རྒྱ་ནག་གི་ཤེས་ཡོན་ལས་ཁང་གིས་དམག་འཁྲུག་གི་དུས་ཡུན་ལོ་དྲུག་སྣོན་པའི་ཐག་གཅོད་བྱེད་དོན་ནི། རྒྱལ་ཞེན་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དང་། དམག་འཁྲུག་དེའི་རིང་རྒྱ་ནག་དམར་ཤོག་ཚོགས་པས་ཉི་ཧོང་གི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་བྱས་རྗེས་གསལ་འདོན་བྱེད་ཆེད་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་བྱ་སྤྱོད་དེ་རྒྱ་ནག་གི་གཞོན་སྐྱེས་ནང་དམར་ཤོག་ཚོགས་པར་རྒྱབ་སྐྱོར་ཡོང་ཆེད་ཡིན་སྲིད་སྐོར་ནིའུ་ཡོག་དུས་བབ་ཀྱིས་བྲིས་འདུག

རྒྱ་ནག་པི་ཅིན་དུ་གནས་སྡོད་མཁན་ལོ་རྒྱུས་སྨྲ་བ་ཀྲང་ལི་ཧྥན་གྱིས་དམག་འཁྲུག་དུས་ཡུན་རིང་དུ་གཏོང་བའི་ཐག་གཅོད་དེ་ནི་ལོ་རྒྱུས་ཀྱི་ལྟ་ཕྱོགས་ལས་འགྲིག་པ་ཞིག་ཡིན་ཡང་། དེས་རྒྱ་ནག་དམར་ཤོག་ཚོགས་པར་ཆབ་སྲིད་ཀྱི་ཁེ་ཕན་དང་རྒྱ་ནག་ནང་ཉི་ཧོང་ལ་འཁོན་འཛིན་ཚོར་བ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཡུ་རོབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་ཆབ་སྲིད་རིག་པའི་སློབ་དཔོན་ཁེ་རི་བྷེ་རུན་གྱིས་བྱ་སྤྱོད་དེས། དམར་ཤོག་ཚོགས་པའི་བྱས་རྗེས་འུར་གཏམ་སྤེལ་ཡོད་ཁར། རྒྱ་ནག་གཞུང་གིས་གང་དུ་ཡིན་ནའང་བདག་དབང་ཐོབ་ཐབས་བྱེད་བཞིན་པའི་རྩོལ་བ་དེ་གསལ་འདོན་བྱས་ཡོད་པ་དང་། དེས་རྒྱ་ནག་གཞུང་གི་སེམས་འཚབ་དེ་མང་བ་གསལ་འདོན་བྱེད་པ་ལས་སྟོབས་ཤུགས་ངོ་མ་དེ་གསལ་འདོན་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག

ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་རྒྱ་ནག་ནང་ཉི་ཧོང་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་སྐབས། ཕྱི་ལོ་༡༩༣༡་ནས་༡༩༣༧ བར་རྒྱ་ནག་གོ་མིན་ཏང་ཚོགས་པས་དམག་བརྒྱབ་ཡོད་པ་ལས། གུང་ཁྲན་ཏང་གིས་དམག་བརྒྱབ་མེད་པ་དང་། ཕྱི་ལོ་༡༩༣༧ ལོར་གུང་ཁྲན་ཏང་གིས་གོ་མིན་ཏང་དང་མཉམ་སྦྲེལ་ཐོག་ཉི་ཧོང་ལ་འགོག་རྒོལ་བྱས་སྐོར་བརྗོད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།