རྒྱ་ནག་གཞུང་གིས་དྲ་ཐོག་ཚོང་ལས་ཁང་ཞིག་གི་མཉེན་ཆས་དྲ་ཐོག་ནས་ཕྱིར་འཐེན་བྱས་འདུག 

རྒྱ་ནག་གཞུང་གིས་རྒྱལ་ཁབ་དེའི་ནང་གི་འཕྲུལ་རིག་ཚོང་ལས་ཁང་རྣམས་ཀྱི་ཤུགས་རྐྱེན་སྟངས་འཛིན་བྱེད་ཆེད་དུ། སྒྲིག་འཛུགས་གང་བྱུང་ཁ་གཡར་ནས་ཚོང་ལས་ཁང་དེ་དག་ལ་ཉེས་ཆད་སོགས་བཀལ་ནས། ཚོང་ལས་ཁང་གཞན་ལ་ཡང་མིག་དཔེ་སྟོན་བཞིན་ཡོད་པ་ལྟར། ཐེངས་འདིར་ཡང་ཚོང་ལས་ཁང་ཞིག་གི་མཉེན་ཆས་དྲ་ཐོག་མཉེན་ཆས་ཁང་ནས་ཕྱིར་འཐེན་བྱས་ཏེ་ཉེན་བརྡ་བཏང་ཡོད་འདུག 

ཟླ་༧ པའི་ཚེས་༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༤ ཉིན་རྒྱ་ནག་གཞུང་གི་དྲ་ཐོག་སྟངས་འཛིན་ལས་ཁང་གིས། རྒྱ་ནག་གི་ཚོང་ལས་ཁང་རྡི་རྡི་(Didi Chuxing) ཞེས་པ་དེས། ཁྲིམས་འགལ་ཐོག་ནས་བཀོལ་སྤྱོད་པ་ཚོའི་གནས་ཚུལ་བསྡུ་རུབ་དང་བེད་སྤྱོད་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་བས། དྲ་ཐོག་མཉེན་ཆས་ཁང་ནས་ཚོང་ལས་ཁང་དེའི་མཉེན་ཆས་ཕྱིར་འཐེན་བྱེད་དགོས་པའི་བཀའ་བཏང་འདུག 

དེ་ཡང་ཚོང་ལས་ཁང་དེའི་མཉེན་ཆས་ནི་གླ་འཁོར་གླ་ཆེད་ཅིག་ཡིན་འདུག་པ་དང་། རྒྱ་ནག་ནང་དུ་མཉེན་ཆས་དེ་རྒྱུན་དུ་བེད་སྤྱོད་གཏོང་མཁན་ས་ཡ་༣༧༧ ཡོད་འདུག བདུན་ཕྲག་སྔོན་མར་ཚོང་ལས་ཁང་དེའི་མ་རྐང་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་ཆེ་གྲས་ནིའུ་ཡོག་མ་རྐང་ཁྲོམ་རར་གསར་ཞུགས་བྱས་ནས། ཉིན་དང་པོར་ཨ་སྒོར་ཐེར་འབུམ་གཅིག་ལས་མང་བ་བསྡུ་རུབ་བྱེད་ཐུབ་འདུག འོན་ཀྱང་ཉིན་གཉིས་སྔོན་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ནས་ཚོང་ལས་ཁང་དེར་ཞིབ་འཇུག་བྱེད་བཞིན་ཡོད་པའི་གསལ་བསྒྲགས་སྤེལ་རྗེས། ཚོང་ལས་ཁང་དེའི་མ་རྐང་རིན་ཐང་བརྒྱ་ཆ་༥.༣ ཆག་འདུག 

ཚོང་ལས་ཁང་དེའི་རྒྱ་ནག་གཞུང་གི་བཀའ་ལྟར་དཀའ་ངལ་གང་ཡོད་རྣམས་མེད་པ་བཟོ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་པ་དང་། དཔྱད་བརྗོད་པ་ཁག་གིས་བརྗོད་དོན་ལྟར་ན། དེང་གི་ཆར་རྒྱ་ནག་གི་ཚོང་ལས་ཁང་མང་པོ་ཞིག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་ཕྱིན་ནས། རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཡོད་པ་ཆགས་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གཞུང་གིས་ཉེན་ཁ་ཞིག་མཐོང་ནས་སྟངས་འཛིན་བྱེད་བཞིན་ཡོད་སྐོར་འདུག 

དེ་ཡང་ལོ་སྔོན་མར་རྒྱ་ནག་གི་ཚོང་པ་སྐད་གྲགས་ཆེ་ཤོས་མཱ་ཡི་ཇཱེག་ཚོང་ལས་ཁང་ཨཱ་ལི་བྷ་བྷ་ཡི་ཡན་ལག་དཔལ་འབྱོར་ཚོང་ལས་སྡེ་ཚན་(Ant Group) ཡི་མ་རྐང་ཁྲོམ་རར་གསར་ཞུགས་ཀྱི་ལས་དོན་བཀག་འགོག་བྱས་ཏེ། ཨ་སྒོར་ཐེར་འབུམ་མང་པོ་གྱོང་གུད་བཏང་ཡོད་ཁར། ཕྱིས་སུ་ཚོང་ལས་ཁང་དེར་ཉེས་ཆད་ཨ་སྒོར་ཐེར་འབུམ་༢.༨ ཉེས་ཆད་བཏང་ཡོད་འདུག 

རྒྱ་ནག་གཞུང་གིས་ཚོང་ལས་ཁང་༣༤ ལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་འཇུག་གི་ཡོད་པའི་ཉེན་བརྡ་བཏང་པ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།