རྒྱ་ནག་གཞུང་གིས་བོད་ཀྱི་བུད་མེད་ཅིག་འཛིན་བཟུང་དང་འཇིགས་སྐུལ་བྱས་འདུག 

རྒྱ་ནག་གཞུང་གིས་བོད་ཀྱི་བུད་མེད་ཅིག་ལ་སྐད་འཕྲིན་ཐོག་“ཁྲིམས་འགལ་”གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་གཡོགས་ནས་འཛིན་བཟུང་དང་འཇིགས་སྐུལ་བྱས་པ་མ་ཟད། དངུལ་ཆད་ཀྱང་བཅད་ཡོད་འདུག

ཕྱི་ཟླ་༡༢ ཚེས་༥ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བུད་མེད་ཚེ་རིང་མཚོ་ཞེས་པ་ཞིག་འདི་ལོའི་ཕྱི་ཟླ་༡༡ ཚེས་༡༢ ཉིན་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཉེན་རྟོག་པས་ཁྲི་ཀ་རྫོང་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་པའི་རྗེས། ཉིན་གྲངས་བཅུའི་རིང་བཀག་ཉར་དང་རྒྱ་སྒོར་ ༡༠༠༠ གི་ཆད་པ་བཅད་པ་མ་ཟད། བཙོན་ཁང་དུ་སྡོད་རིང་ཉིན་ལྟར་ཟས་སུ་ཆུ་རྐྱང་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་འཇིགས་སྐུལ་དྲག་པོ་བཏང་ཡོད་འདུག 

ཚེ་རིང་མཚོ་མོས་རང་ཉིད་ཀྱིས་ཡིད་ཆེས་བྱེད་སའི་ལྟ་བ་དང་ལང་ཕྱོགས་རྣམས་སྙིང་སྟོབས་ཆེན་པོས་རྗོད་བཞིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་འགོ་ཁྲིད་ཚོའི་རུལ་སུངས་དང་། མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་རྣམས་ཞུམ་པ་མེད་པའི་ཐོག་ནས་ཐེར་འདོན་བྱེད་བཞིན་པར་བརྟེན། ས་གནས་འགོ་ཁྲིད་དང་ཉེན་རྟོག་པ་ཚོའི་མིག་འབེན་དུ་གྱུར་བ་ཡིན་འདུག 

ཚེ་རིང་མཚོ་མོས་ཕྱིའི་གསར་ཁང་ཁག་ཅིག་ལ་བརྗོད་པ་ལྟར་ན། ཁོ་མོ་ཉེ་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་འགོ་ཁྲིད་འཚམས་གཟིགས་ལས་གཞིའི་(International Visitor Leaderiship Program) ནང་མཉམ་ཞུགས་བྱས་ནས་ཕྱིར་ལོག་རྗེས། རྒྱ་གཞུང་གིས་ཁོ་མོ་ཐོ་གཞུང་ནག་པོའི་ནང་བཅུག་པ་མ་ཟད། སྐབས་དེ་ནས་བཟུང་མོའི་“འགྲོ་འདུག་གི་བྱ་སྤྱོད་”རྒྱ་ནག་གཞུང་གི་ལྟ་རྟོག་བྱེད་ཡུལ་དུ་གྱུར་ཞིང་། ས་གནས་ཉེན་རྟོག་པས་མོ་ཡང་ནས་བསྐྱར་དུ་འབོད་འགུག་གིས་མོ་ལ་ཉེན་བརྡ་དང་འཇིགས་སྐུལ་རྒྱུན་མི་ཆད་པ་བྱས་དང་བྱེད་ཀྱི་ཡོད་འདུག 

མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་བཏོན་པའི་གནས་ཚུལ་དེའི་ནང་། ད་དུང་ཚེ་རིང་མཚོ་དེ་སྔོན་ཕྱི་ལོ་ཕྱི་ལོ་ ༢༠༡༧ ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་གཞིར་བཟུང་གི་ཐོག་ནས་མོས་ས་གནས་བོད་མི་ཚོར་ཕྱི་སྐྱོད་ལམ་ཡིག་སྤྲོད་པའི་ཐོབ་ཐང་ཞུ་གཏུག་བྱས་རྐྱེན། མོ་ཡུལ་ཤུལ་ཁུལ་སྤྱི་བདེ་འདྲི་གཅོད་ཁང་དུ་བཀག་བསྐྱིལ་བྱས་ཤིང་། དེ་གར་ཡུལ་ཤུལ་ཁུལ་སྤྱི་བདེ་ཁང་གི་ཕྱི་ཐོན་ནང་འཛུལ་དོ་དམ་ཚན་པའི་འགོ་ཁྲིད་བྱམས་དགའ་ཟེར་བ་ཞིག་གིས་གདུག་རྩུབ་ཆེན་པོས་མོར་གཅར་རྡུང་བཏང་སྐབས། བྱམས་དགའ་ཟེར་བ་དེས་མོའི་ངོ་གདོང་དང་ལུས་ཡོངས་ལ་རྡོག་ཐོ་གཞུས་ནས་རྨས་བཏང་ན་ཡང་། སྐབས་དེར་མོའི་ཁྱོ་ག་དང་གྲོགས་ཉེ་དུ་ཚོས་ཚེ་རིང་མཚོར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པས་དུས་ཐོག་སྨན་བཅོས་བྱེད་དགོས་པའི་རེ་བ་ཞུས་རུང་། ཞིང་ཁུལ་སྤྱི་བདེ་ཡན་ལག་གི་ཁྲིམས་འཛིན་སྨན་པ་ཚོས་བརྟག་དཔྱད་བྱས་ནས། ཚེ་རིང་མཚོར་རྨས་སྐྱོན་ཅི་ཡང་བཟོས་མེད་ལུགས་བཤད་ཡོད་འདུག

རྒྱ་ནག་གཞུང་གིས་སོ་སོའི་སྒེར་གཅོད་ཀྱི་སྲིད་དབང་ལམ་ལུགས་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས། བཙན་དབང་གི་དྲག་གནོན་ལ་སོགས་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་རྣམས་“རྒྱལ་ཁབ་ཀྱི་བདེ་འཇགས་“དང་འགལ་བའི་ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་བཟུང་བཙོན་འཇུག་དང་། རྒྱག་རྡུང་མནར་གཅོད་གཏོང་སྲོལ་ཡོད་པ་ལྟར། ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་ཚེ་རིང་མཚོ་ལའང་“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་༢༦ པའི་ནང་གསེས་༤ པ་”དང་འགལ་བའི་བསྙོན་འཛུགས་བྱས་ཡོད་འདུག་ཅིང་། བཅའ་ཁྲིམས་དེའི་ནང་དུ་“ཁྲིམས་འགལ་གྱི་བྱ་སྤྱོད་གཞན་དག་”ཅེས་གསལ་ཁ་གང་ཡང་མེད་པ་ཞིག་བཀོད་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།