རྒྱ་གཞུང་གིས་བོད་ནང་དུ་༧གོང་ས་མཆོག་གི་སྐོར་འཁྱོག་བཤད་དང་བཙན་བྱོལ་ནང་རྩོད་རྙོག་སློང་བཞིན་ཡོད་པར་བརྗོད་འདུག

ད་ཆར་༧གོང་ས་མཆོག་དགོངས་གྲངས་༩༠ ཕེབས་བཞིན་པར་བརྟེན། རྒྱ་ནག་གཞུང་གིས་བོད་ནང་༧གོང་ས་མཆོག་གི་སྐོར་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་འདུག་ཅིང་། ༧གོང་ས་མཆོག་ནི་རྒྱ་ནག་ཁ་ཕྲལ་གཏོང་མཁན་དང་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་ཡིན་ཚུལ་རྗོད་བཞིན་ཡོད་འདུག་ལ། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོར་རྒྱ་ནག་གིས་ཐབས་ཤེས་འདྲ་མིན་བརྒྱུད་ནས་བསླུ་བྲིད་གཏོང་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག
ཕྱི་ཚེས་༥ ཉིན་རྒྱ་གར་གྱི་གསར་ཁང་(སི་ཨན་ཨན་གསར་ཁང་གི་18)ཟེར་བ་དེ་ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་རྒྱ་ནག་གཞུང་གིས་བོད་ནང་དང་རྒྱ་ནག་ནང་༧གོང་ས་མཆོག་ནི་རྒྱ་ནག་ཁ་ཕྲལ་གཏོང་མཁན་དང་རྒྱ་ནག་གི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་མཁན་ཡིན་ཚུལ་རྗོད་ཀྱི་ཡོད་འདུག་ཅིང་། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་ཐོག་ནས་བོད་པ་བསླུ་བྲིད་གཏོང་ཐབས་བྱེད་བཞིན་ཡོད་པར་བརྗོད་འདུག གསར་ཁང་དེ་ལ་གསང་བའི་ལས་ཁུངས་ཤིག་གི་མཐོ་རིམ་འགོ་ཁྲིད་གཅིག་གིས་བརྗོད་ཡོད་པ་ཞིག་ལ། རྒྱ་ནག་གཞུང་གིས་ད་ཆར་བོད་ནང་དང་བཙན་བྱོལ་ནང་གི་བོད་པའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་གི་སྐོར་གནས་ཚུལ་ལོག་འགྲེལ་དང་དྲིལ་བསྒྲགས་རྫུན་མ་ཁྱབ་སྤེལ་གཏོང་བཞིན་ཡོད་པར་བརྗོད་འདུག་ལ།
རྒྱ་ནག་གི་ཐབས་ལམ་གཙོ་བོ་གཅིག་ནི་༧གོང་ས་མཆོག་གི་སྐོར་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་བ་དང་དྲིལ་བསྒྲགས་ལོག་པ་སྤེལ་བ། དམིགས་བསལ་བོད་ནང་དུ་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་གི་བོད་པའི་སློབ་མར་ཚོ་ལ་༧གོང་ས་མཆོག་གི་སྐོར་གནས་ཚུལ་རྫུན་མ་དང་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་པར་བརྗོད་འདུག དེ་ཡང་༧གོང་ས་མཆོག་གིས་རྒྱ་ནག་ཁ་ཕྲལ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ། བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་དམར་ཤོག་གཞུང་གིས་སྟངས་འཛིན་འོག་སྡོད་དགོས་པ་ལས་བཙན་བྱོལ་ནང་ཡོད་པའི་བོད་པའི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོར་བདག་དབང་མེད་ཚུལ་སོགས་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད་པར་བརྗོད་འདུག
ད་ཆར་བོད་ནང་ཡོད་པའི་དགོན་སྡེ་ཁག་ནང་༧གོང་ས་མཆོག་ལ་མཚན་སྨད་ཞུ་འཇུག་པ་དང་། སུས་མཚན་སྨད་མ་ཞུས་ཚེ་བཙོན་འཇུག་དང་རྡུང་རྡེག དེ་བཞིན་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་བཀག་ཉར་བྱེད་ཀྱི་ཡོད་པར་བརྗོད་འདུག ད་དུང་རྒྱ་ནག་གཞུང་གི་གསར་ཁང་གོ་ལའི་དུས་བབ་དང་། (Ξινηυα)་(ΧΓΤΝ )བཅས་ནས་སྤྱི་ཚོགས་དྲྭ་ལམ་ཁྲོད་མིང་བྱང་རྫུན་མ་མང་པོ་བཟོས་ནས་༧གོང་ས་མཆོག་གི་སྐོར་དྲིལ་བསྒྲགས་ལོག་པ་སྤེལ་པ་དང་། ༧གོང་ས་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཤུགས་རྐྱེན་འོག་ནས་རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་ཚུལ་སོགས་ཀྱི་དྲིལ་བསྒྲགས་ལོག་པ་སྤེལ་གྱི་ཡོད་པར་བརྗོད་འདུག
རྒྱ་ནག་གཞུང་གིས་ཆོས་ལུགས་མི་སྣའི་ཁྲོད་༧གོང་ས་མཆོག་ལ་མཚན་སྨད་ཞུ་འཇུག་པ་དང་། མི་མང་ཁྲོད་༧གོང་ས་མཆོག་གི་མཚན་སྙན་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་ཡོད་འདུག་ཅིང་། རྒྱ་ནག་གི་པན་ཆེན་འབོད་པའི་རྒྱལ་མཚན་ནོར་བུ་བེད་སྤྱོད་བཏང་ནས་བོད་པའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་ལས་རྒྱལ་མཚན་ནོར་བུར་དགའ་མོས་ཆེ་བ་ཡོང་ཐབས་སུ་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་བརྗོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ལྐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མི་སྒེར་པ་དང་ཚོགས་པ་སྐྱིད་སྡུག་དེ་འདྲར་དངུལ་སྤྲད་ནས་༧གོང་ས་མཆོག་ལ་འགོག་རྐྱེན་བཟོ་ཐབས་དང་བོད་པའི་སྤྱི་ཚོགས་ཁྲོད་རྩོད་རྙོག་བཟོ་ཐབས་བྱས་ནས་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་རྒུད་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ཡང་བརྗོད་འདུག
དམིགས་བསལ་རྒྱ་ནག་གཞུང་གིས་བཙན་བྱོལ་ནང་ཡོད་པའི་བོད་པའི་ན་གཞོན་ཚོ་ལ་རྒྱ་ནག་གཞུང་གིས་སློབ་ཡོན་སྤྲོད་པ་དང་ལས་གཞི་འདྲ་མིན་བརྒྱུད་ནས་རྒྱ་ནག་ནང་འཁྲིད་ཐབས་བྱེད་ཀྱི་ཡོད་འདུག་པ་དང་། ལས་གཞི་དེ་དག་གི་བརྒྱུད་ནས་རྒྱ་ནག་ལ་འཁྲིད་ཐུབ་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག་ལ། རྒྱ་ནག་ནང་ཁྲིད་རྗེས་རྒྱ་ནག་གིས་དྲིལ་བསྒྲགས་ལོག་པ་སྤེལ་ཐབས་དང་བསླུ་བྲིད་བྱེད་ཐབས་བྱེད་ཀྱི་ཡོད་པར་བརྗོད་འདུག ཁྱད་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་པ་དེ་འདྲ་བེད་སྤྱོད་གཏོང་ཐབས་བྱས་ནས་༧གོང་ས་མཆོག་ལ་འགོག་རྐྱེན་བཟོ་ཐབས་དང་བོད་མི་ནང་ཁུལ་དུ་རྩོད་རྙོག་བཟོ་ཐབས་ལ་འབད་ཀྱི་ཡོད་པ་ཡང་བརྗོད་འདུག
ད་ཆར་རྒྱ་ནག་གི་དམིགས་ཡུལ་གཅིག་ནི་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་དེ་ཡིན་པ་གསང་བའི་ལས་ཁུངས་ཀྱི་མི་དེ་ཡིས་བརྗོད་འདུག་ལ། དེའི་ཆེད་དུ་ད་ལྟ་ནས་རྒྱ་ནག་གིས་མ་འོངས་པ་རྒྱ་ནག་གིས་བདམས་པའི་༧གོང་ས་མཆོག་གི་ཡང་སྲིད་ལས་གཞན་བོད་པའི་སྤྱི་ཚོགས་སུས་ཡང་སྲིད་ངོས་འཛིན་བྱས་ཀྱང་དེ་ནི་ཁྲིམས་འགལ་ཡིན་པའི་དྲིལ་བསྒྲགས་སྤེལ་གྱི་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༢༣ ལོར་རྒྱ་གར་གྱི་བྱིས་པ་ཞིག་དང་འབྲེལ་ནས་༧གོང་ས་མཆོག་ལ་མཚན་སྨད་དང་རྩོད་རྙོག་མང་པོ་ཞིག་བཟོ་མཁན་ཡང་རྒྱ་ནག་མི་ཞིག་ཡིན་པ་དང་། དེ་ལྟར་བྱེད་དགོས་དོན་ནི་འཛམ་གླིང་ཐོག་༧གོང་ས་མཆོག་མཚན་སྙན་གྲགས་ཆེན་པོ་ཡོད་པས། རྒྱ་ནག་གིས་དེ་མེད་པ་བཟོ་ཐབས་ཀྱི་ཆེད་དུ་ཐབས་ལམ་འདྲ་མིན་བེད་སྤྱོད་ཀྱི་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།