རྒྱ་ནག་གཞུང་གིས་བོད་ནང་དུ་གློག་ཁང་འཛུགས་སྐྲུན་ཆེད་བོད་མི་མང་པོ་གནས་སྤོས་དང་རྡུང་རྡེག་ཚད་མེད་བྱས་ཡོད་པར་བརྗོད་འདུག
འདི་ལོར་བོད་ནང་དུ་རྒྱ་ནག་གཞུང་གིས་གློག་ཁང་འཛུགས་སྐྲུན་ཆེད་དུ་བོད་མི་མང་པོ་ཞིག་གི་སྡོད་གནས་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་འདུག་པ་དང་། སྐབས་དེར་བོད་མི་ཚོས་གློག་ཁང་འཛུགས་སྐྲུན་གྱི་ལས་གཞི་དེ་ལ་ངོ་རྒོལ་བྱེད་དུས་རྒྱ་གཞུང་གིས་རྡུང་རྡེག་ཚབས་ཆེན་བཏང་ཡོད་པའི་གནས་ཚུལ་འདུག
ཕྱི་ཚེས་༢༣ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༡༩༥༠ ནང་བོད་དེ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་ད་བར་དམ་དྲག་ཧ་ཅང་ཆེན་པོ་བྱས་ཡོད་པའི་རྐྱེན་གྱིས་ངོ་རྒོལ་རིགས་འབྱུང་རྒྱུ་ཧ་ཅང་ཁག་པོ་ཡིན་ན་ཡང་། འདི་ལོའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲི་ཆུའི་བརྒྱུད་དུ་གློག་ཁང་གསར་རྒྱག་གི་ལས་གཞི་ཞིག་སྤེལ་འཆར་ཡོད་པའི་རྐྱེན་གྱིས་བོད་མི་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་སྤྲད་ཡོད་ཅིང་། སྐབས་དེ་དུས་བོད་མི་ཚོས་གློག་ཁང་འཛུགས་སྐྲུན་ལས་གཞི་ལ་ངོ་རྒོལ་རྒྱ་ཆེན་པོ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་དང་། འདྲི་རྩད་བཀག་ཉར་བྱས་པ་སོགས་ཀྱིས་ས་གནས་བོད་མི་ཚོ་ལ་རྒྱ་ནག་གཞུང་གིས་དཀའ་ངལ་ཆེན་པོ་སྤྲད་ཡོད་པའི་གནས་ཚུལ་ཁུངས་ལྡན་རག་ཡོད་པར་བརྗོད་འདུག དེ་ཡང་བྷི་བྷི་སི་གསར་ཁང་གིས་འདས་པའི་ཟླ་བ་མང་པོའི་རིང་རྒྱ་ནག་གཞུང་གིས་བཀག་ཉར་དང་རྡུང་རྡེག་བྱས་པའི་ནང་མི་རྣམས་དང་། འཁོར་སྐར་རྒྱུད་ནས་པར་དང་བརྙན་སོགས་ལ་ཞིབ་མཇུག་བྱས་རྗེས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པར་བརྗོད་འདུག
གནས་ཚུལ་མཁོ་སྤྲོད་བྱེད་མཁན་དེ་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་མཁན་ཞིག་ཡིན་པ་དང་། མི་དེའི་བདེ་འཇགས་ཀྱི་ཆེད་དུ་མིང་བརྗོད་འདོད་མེད་པར་བརྗོད། བྷི་བྷི་སི་གསར་ཁང་གིས་སྐབས་དེ་དུས་དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ལ་བོད་ནང་བྱུང་བའི་གནད་དོན་དེའི་སྐོར་དྲིས་ཡོད་འདུག་ཀྱང་། རྒྱ་ནག་གི་གཞུང་ཚབ་པས་གནད་དོན་དེའི་སྐོར་ལན་འདེབས་གང་ཡང་བྱས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་རྒྱ་ནག་ནི་ཁྲིམས་ལུགས་ཀྱིས་སྐྱོང་བའི་རྒྱལ་ཁབ་གཅིག་ཡིན་པས། མི་མང་ཚོའི་ཐོབ་ཐང་སྲུང་སྐྱོང་བྱེད་རྒྱུ་དང་གཞུང་ལ་ཞུ་གཏུགས་བྱེད་རྒྱུའི་རང་དབང་ཆ་ཚང་ཡོད་ཅེས་བརྗོད་ཡོད་འདུག བོད་ནང་དུ་རྒྱ་ནག་གཞུང་གིས་གློག་ཁང་འཛུགས་སྐྲུན་ཆེད་དུ་བོད་མི་ཕོན་ཆེན་རྡུང་རྡེག་གཏོང་ས་གཅིག་ནི་བོད་ནང་ཁམས་སྡེ་དགེ་རྫོང་དང་ཁམས་འཇོ་མདའ་རྫོང་གཉིས་ཀྱི་ས་གནས་སུ་བྱུང་ཡོད་པར་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གིས་ས་ཁུལ་དེའི་ནང་གློག་ཁང་ཆེན་པོ་ཞིག་གསར་རྒྱག་བྱེད་རྒྱུའི་འཆར་གཞི་དེ་ཕྱི་ལོ་༢༠༡༢ ནས་བྱས་ཡོད་འདུག་ཅིང་། འདི་ལོའི་མགོ་སྟོད་ནས་རྒྱ་ནག་གཞུང་གིས་ས་ཁུལ་དེའི་ནང་དུ་ཡོད་པའི་བོད་མི་མང་པོ་ཞིག་ས་གནས་དེ་ནས་གནས་གཞན་ལ་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་འདུག་ལ། དེ་ལ་བརྟེན་ནས་རིག་གནས་ཤུལ་བཞག་མང་པོ་ཞིག་མེད་པར་འགྱུར་གྱི་ཡོད་འདུག་ཅིང་། གློག་ཁང་འཛུགས་སྐྲུན་ལས་གཞི་ཡིས་དགོན་པ་མང་པོ་ཞིག་གཏོར་དགོས་ཀྱི་ཡོད་པར་བརྗོད་འདུག དཔེར་ན། ལོ་ངོ་༧༠༠ ལྷག་གི་ལོ་རྒྱུས་ཡོད་པའི་དབེན་སྟོད་དགོན་པ་མེད་པར་བཟོ་དགོས་ཀྱི་ཡོད་པར་བརྗོད་འདུག་ལ། བྷི་བྷི་སི་གསར་ཁང་གིས་གློག་ཁང་ལས་གཞི་དེའི་འགོ་ཁྲིད་དང་། འགན་འཁུར་བ་ཚོར་འབྲེལ་བ་བྱས་ནས་གནད་དོན་དེ་དག་གི་སྐོར་དྲིས་ཡོད་འདུག་ཀྱང་། ལན་འདེབས་གང་ཡང་བྱས་མེད་པར་བརྗོད་འདུག
དེ་བཞིན་སྡེ་དགེའི་ཕྱོགས་ཀྱི་མི་མང་ཚོས་འགོ་ཁྲིད་རྣམས་ས་ཁུལ་དེ་དག་ལ་ཡོང་དུས་ཞུ་གཏུག་བྱས་ནས་པུས་མོ་སར་བཙུགས་ཤིང་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་བ་བརྒྱབས་ཀྱང་ཉན་འཇོག་མི་བྱེད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་གིས་བོད་མི་དེ་དག་ལ་ཕྱི་ལོགས་སུ་ཡོད་པའི་ཁ་ཕྲལ་བ་དང་འབྲེལ་བ་ཡོད་ཚུལ་བརྗོད་ནས་བོད་མིའི་ཐོག་དྲག་གནོན་བྱས་ཡོད་པར་བརྗོད་འདུག རྒྱ་ནག་གཞུང་གིས་ཉེན་རྟོག་པས་བོད་མི་མང་པོ་ཞིག་འདྲི་རྩད་བཀག་ཉར་བྱས་ཡོད་པ་དང་། མང་པོ་ཞིག་ལ་རྡུང་རྡེག་ཆེན་པོ་བྱས་ཡོད་པའི་རྐྱེན་གྱིས་མཁལ་མ་དང་རྩིབ་མ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པར་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནད་དོན་དེ་དང་འབྲེལ་ནས་ཡི་གེ་ཞིག་བཏང་ཡོད་པར་བརྗོད་འདུག་ཅིང་། ཡི་གེ་དེའི་ནང་བོད་མི་མང་པོ་ཞིག་ལ་རྡུང་རྡེག་དང་འཛིན་བཟུང་བྱས་པ་རྣམས་ཀློད་བཀྲོལ་གཏོང་དགོས་པ་དང་། ས་ཁུལ་དེ་དག་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་སྐོར་བརྗོད་ཡོད་པར་འཁོད་འདུག བྷི་བྷི་སི་གསར་ཁང་གིས་ཟླ་བ་མང་པོའི་གོང་ནས་གློག་ཁང་འཛུགས་སྐྲུན་བྱེད་འཆར་ཡོད་པའི་ས་ཁུལ་དེ་དག་དང་། གཏོར་འཆར་ཡོད་པའི་དགོན་པ་སོགས་ལ་འཁོར་སྐར་བརྒྱུད་ནས་སོ་ལྟ་བྱེད་བཞིན་ཡོད་ཀྱང་། ད་བར་ལས་གཞི་འགོ་འཛུགས་བྱེད་ཀྱི་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གང་ཡང་བྱུང་མེད་པར་བརྗོད་འདུག
ད་དུང་རྒྱ་ནག་གཞུང་གིས་བོད་ཀྱི་འབྲི་ཆུའི་ཐོག་ཁྱོན་གློག་ཁང་༡༣ རྒྱག་རྒྱུའི་འཆར་གཞི་ཡོད་པ་བཞིན། ད་ཆར་གློག་ཁང་༥ ཡི་འཛུགས་སྐྲུན་ལས་གཞི་འགོ་འཛུགས་བྱས་ཟིན་པར་བརྗོད་འདུག ལྷག་ཏུ་རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ལས་གཞི་འདྲ་མིན་ལ་ཁ་གཡར་ནས་ཕྱི་ལོ་༢༠༠༠ ལོ་ནས་ད་བར་བོད་མི་༩༣༠༠༠༠ ཙམ་གནས་གཞན་ལ་བཙན་གྱིས་སྤོ་བཅུག་ཡོད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།