རྒྱ་ནག་གཞུང་གིས་འདོད་མོས་ལྟར་བཟོས་པའི་སྤྲུལ་སྐུའི་ཐོ་གཞུང་ལ་ངོ་རྒོལ་ཡོད།
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དངོས་གནས་ཡིན་མིན་ལ་དབྱེ་བ་བྱས་ཏེ། སྤྲུལ་སྐུ་དངོས་གནས་ཡིན་པའི་ཐོ་གཞུང་༨༧༠ ཙམ་བཟོས་ཡོད་པ་དེར། ངོ་རྒོལ་ཡོད་པའི་ལས་འགུལ་ཞིག་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤེལ་སོང་།
ཟླ་འདིའི་ཚེས་༢༡ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ། རྩིག་པར་ངོ་རྒོལ་གྱི་སྦྱར་ཡིག་སྦྱར་པ་དང་། ཞི་ཅིན་ཕིང་གི་ངོ་འབག་གྱོན་ནས་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་ཇུས་བྱས་པར་དགོད་བྲོའི་ལམ་ནས་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་པ་རེད།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཚེ་ལྷས། “རྒྱ་ནག་གཞུང་གིས་སྤྲུལ་སྐུ་དངོས་གནས་ཡིན་ཞེས་ཐོ་གཞུང་ཞིག་བཟོས་ཡོད་པ་དེར་ངོས་ལེན་མེད་པར་དགོད་བྲོའི་ལམ་ནས་ངོ་རྒོལ་ལས་འགུལ་འདི་གོ་སྒྲིག་དགོས་དོན། རྒྱ་ནག་གཞུང་ཆོས་ཁས་མི་ལེན་མཁན་གྱི་དམར་ཤོག་ཚོགས་པ་ཞིག་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་དངོས་གནས་ཡིན་མིན་ལ་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། རྒྱ་ནག་གཞུང་གི་འོག པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར་དང་། བླ་མ་བཟོད་པ་རིན་པོ་ཆེས་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནས་གྲོངས་བཅུག་པ་སོགས་བྱུང་བ་རེད། རྒྱ་ནག་གཞུང་གིས་སྤྲུལ་སྐུ་དངོས་གནས་ཡིན་མིན་ཐག་གཅོད་བྱས་པ་དེ་དགོད་བྲོ་ལྟ་བུ་ཞིག་ཡིན་པས་ངོ་རྒོལ་ལས་འགུལ་དེ་སྤེལ་བ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས། “རྒྱ་ནག་གཞུང་ཆོས་ཁས་མི་ལེན་མཁན་ཞིག་རེད། སྤྲུལ་སྐུའི་མིང་ཐོ་རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པ་དེ་བླ་མ་དངོས་གནས་མ་ཡིན་པ་བཀག་བསྡོམས་ཀྱི་ཆེད་དུ་ཡིན་ཟེར་གྱི་ཡོད་པ་རེད་མོད། དངོས་ཡོད་གནས་ཚུལ་ཆབ་སྲིད་འཁྲབ་པ་ཞིག་ཆགས་འདུག ༧རྒྱལ་བ་རིན་པོ་ཆེའི་མ་འོངས་ཡང་སྲིད་ལ་ཐེ་ཇུས་དང་། མ་འོངས་པར་བོད་ཀྱི་ཆོས་ལུགས་ལ་ཐེ་ཇུས་བྱེད་ཐབས་ཤིག་རེད། སྔོན་མ་ནས་རྒྱ་ནག་གཞུང་གིས་སྤྲུལ་སྐུ་ངོས་འཛིན་དེ་རྒྱ་ནག་གཞུང་གིས་གཏན་འབེབས་བཞིན་འགྲོ་དགོས་ཟེར་བ་དེར་ངོ་རྒོལ་ཡོད་ལ། བོད་མི་ཚང་མ་དང་ནང་པ་ཚོས་དེ་ལ་ངོས་ལེན་ཐུབ་ཀྱི་མ་རེད་”ཅེས་དང་། ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་བོད་དང་མི་རིགས་མང་པོ་ཞིག་མནར་གཅོད་འོག་ཡོད་སྐོར་གྲེལ་བརྗོད་བྱས་སོང་།
ལས་འགུལ་དེའི་སྐབས་རྒྱ་ནག་གིས་སྤྲུལ་སྐུའི་ཐོ་གཞུང་བཟོས་པ་དེར་ངོས་ལེན་མེད་པའི་མི་མང་ལ་མཚན་རྟགས་བསྡུ་རུབ་དང་། པར་རྒྱག་པ་སོགས་བྱས་ཏེ། རྒྱ་ནག་གཞུང་ཚབ་ལ་གཏོང་རྒྱུ་ཡིན་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་བ་དེ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ། ད་ལྟ་གནས་སྟངས་ག་འདྲ་ཡིན་མིན་གསལ་ཁ་ཙམ་མེད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་ཡོད་པ་རེད།
ཟླ་འདིའི་ཚེས་༡༨ ཉིན་པེ་ཅིང་བཀྭང་ཅིས་དགོན་པར། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་འཚོལ་ཞིབ་མ་ལག་ཤར་གཏོང་གི་མཛད་སྒོ་ཞེས་པ་ཞིག་འཚོགས་སྟེ། རྒྱ་ནག་གིས་ངོས་ལེན་ཡོད་པའི་སྤྲུལ་སྐུ་༨༧༠ ཡི་གྲངས་ཐོ་བཏོན་ནང་༧གོང་ས་མཆོག་གི་མཚན་བཀོད་མེད་པ་དང་། དེ་བཞིན་བཙན་བྱོལ་ནང་དུ་ཡོད་པའི་བོད་ཀྱི་བླ་ཆེན་ཁག་གི་མཚན་ཡོད་མེད་གནས་ཚུལ་གསལ་པོ་མི་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།