རྒྱ་ནག་གཞུང་གིས་ཡུ་རོབ་ཁུལ་དུ་བོད་སྐོར་དྲིལ་བསྒྲགས་ལོག་པ་སྤེལ་ཆེད་ཚོགས་པ་ཞིག་བཏང་ཡོད་འདུག

ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀ་དངོས་སུ་ཡུ་རོབ་ཁུལ་དུ་ཕྱོགས་བསྐྱོད་ཕེབས་ནས་བོད་དོན་དྲིལ་བསྒྲགས་བྱས་ཡོད་པ་དང་དུས་ཡུན་དེ་དག་གི་རིང་། གཞུང་དང་ཚོགས་པ་སྒྲིག་འཛུགས་ཁག མི་སྒེར་པ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ལ་བོད་དོན་དྲིལ་བསྒྲགས་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་སྟེ་དེ་ལ་འགོག་རྒོལ་དང་བོད་ཀྱི་སྐོར་དྲིལ་བསྒྲགས་ལོག་པ་སྤེལ་ཆེད་དུ་ཚོགས་ཆུང་ཞིག་བཏང་ཡོད་འདུག

པར། Washington Free Beacon

ཕྱི་ཚེས་༢༦ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་(Tibet Review) བཅས་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་བའི་རྒྱ་མི་བོད་སྐོར་མཁས་པ་ཡིན་ཟེར་མཁན་འགའ་ཤས་ཤིག་ཡུ་རོབ་ཁུལ་དུ་བཏང་ཡོད་འདུག་ཅིང་། ཁོང་ཚོས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་དང་། བཅིངས་གྲོལ་དམག་མི་ཡིས་བོད་དེ་ཕྱི་རྒྱལ་བཙན་འཛུལ་བ་ཚོ་ནས་བཅིངས་གྲོལ་བཏང་ཡོད་ཚུལ་སོགས་ཀྱི་གནས་ཚུལ་དྲིལ་བསྒྲགས་ལོག་པ་བྱེད་ཆེད་དུ་སྐོར་བསྐྱོད་བཏང་ཡོད་འདུག རྒྱ་མི་སྐོར་བསྐྱོད་བ་དེ་དག་ནི་རྒྱ་ནག་གཞུང་གི་the (Chinese State Council Information Office)དྲིལ་བསྒྲགས་ཚན་པས་གོ་སྒྲིག་བྱས་པའི་རུ་ཁག་གཅིག་ཡིན་འདུག རྒྱ་མི་དེ་དག་གིས་ཕྱི་ཚེ་༧ ནས་༡༠ ཡུ་རོབ་ཀྱི་རྒྱལ་ཁབ་ལ་ཏི་ཝི་ཡ་དང་། ཕྱི་ཚེས་༡༠ ནས་༡༣ ཨེ་སི་ཏོ་ནི་ཡའི་ནང་སྐོར་བསྐྱོད་བྱས་ཡོད་འདུག རྒྱ་མི་དེ་ཚོ་རྒྱལ་ཁབ་དེ་དག་གི་ནང་དུ་སྐོར་བསྐྱོད་འགྲོ་བཞིན་ཡོད་ཚུལ་ཕྱི་ཚེས་༡༥ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་ཡོད་འདུག
དེ་བཞིན་རྒྱ་མི་དེ་དག་གིས་བོད་ནང་དུ་རྒྱ་ནག་གཞུང་གིས་དཔལ་འབྱོར་ཡར་རྒྱས་བཏང་ཡོད་ཚུལ་དང་། འཛུགས་སྐྲུན། སྨན་བཅོས་ལྟ་སྐྱོང་། ཁོར་ཡུག་སྲུང་སྐྱོབ། ཤེས་ཡོན་སོགས་ཡར་རྒྱས་བཏང་ཡོད་ཚུལ་དྲིལ་བསྒྲགས་ལོག་པ་བྱེད་ཀྱི་ཡོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཐེངས་འདིར་རྒྱ་ནག་གཞུང་གིས་ཆེད་དུ་བཏང་བའི་མི་དེ་དག་ནི་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ། གཞན་སྤྱི་འཐུས་ཁག་གཅིག་ཆེད་དུ་ཡུ་རོབ་ཁུལ་དུ་སྐོར་བསྐྱོད་བྱས་ནས་བོད་དོན་དྲིལ་བསྒྲགས་གནང་ཡོད་པ་དེ་ལ་ཁ་གཏད་ཆེད་དུ་བཏང་ཡོད་པར་བརྗོད་འདུག འདི་ལོ་ཨེ་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་ཁག་གཅིག་རྡ་ས་ལ་ཆེད་དུ་ཕེབས་ནས་བོད་མིའི་དམངས་གཙོ་དབུ་བརྙེས་ནས་མི་ལོ་༦༤ འཁོར་བའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་ཅིང་། དེ་བཞིན་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་དགུང་ལོ་༣༥ཕེབས་པའི་འཁྲུངས་སྐར་ཉིན་མོ་ཡང་མཉམ་ཞུགས་བྱས་པ་སོགས་བོད་དོན་ཐད་རྒྱབ་སྐྱོར་ཚད་མཐོན་པོ་གནང་ཡོད་པའི་རྐྱེན་གྱིས། འདི་ལོར་རྒྱ་ནག་གཞུང་གིས་ཨེ་སི་ཏོ་ནི་ཡའི་ནང་ཆེད་དུ་རྒྱ་མི་ཁག་གཅིག་བཏང་ནས་བོད་སྐོར་དྲིལ་བསྒྲགས་ལོག་པ་བྱས་ཡོད་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་༡༠ ནང་རྒྱ་ནག་གིས་ཧྥ་རན་སི་དང་ནོར་ཝེ་རྒྱལ་ཁབ་གཉིས་ནང་རྒྱ་མི་ཁག་གཅིག་བཏང་ནས་བོད་སྐོར་འཁྱོག་བརྗོད་ཆེད་དུ་བཏང་ཡོད་འདུག་ལ། དེ་བཞིན་འདས་པའི་དུས་ཡུན་ནང་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་དུ་ཆེད་མངགས་མི་བཏང་ནས་བོད་སྐོར་དྲིལ་བསྒྲགས་ལོག་པ་དེ་འདྲ་བྱས་མྱོང་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།

This will close in 0 seconds