རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་གཏོང་གི་འདུག
རྒྱ་ནག་གཞུང་གིས་དེང་སྐབས་འཛམ་གླིང་ནང་བྲིན་རྒྱུག་ཆེ་བའི་སྤྱི་ཚོགས་དྲ་ལམ་རྣམས་ནི་སོ་སོའི་རྫུན་བསྒྲགས་དང་འཁྱོག་བཤད་བརྒྱུད་སྤེལ་བྱེད་སའི་སྡིངས་ཆ་མཆོག་ཏུ་གྱུར་བ་ཞིག་ཏུ་མཐོང་གི་ཡོད་པས། དེའི་ཐོག་ཨ་སྒོར་ས་ཡ་མང་པོའི་འགྲོ་གྲོན་གཏོང་གི་ཡོད་འདུག
རྒྱ་ནག་གཞུང་གིས་སྡིངས་ཆ་དེ་ལ་“གཅིག་འདུས་བརྒྱུད་ལམ་”ཞེས་འབོད་པ་དང་། དེ་ནི་རླུང་འཕྲིན་དང་། བརྙན་འཕྲིན། དྲ་བ་སོགས་པའི་གསར་འགྱུར་བརྒྱུད་ལམ་གྱི་རྣམ་པ་ཁག་གཅིག་ཏུ་འདུས་པ་ཞིག་ལ་བརྗོད་ཀྱི་འདུག
ཨ་རིའི་དུས་རབས་གསར་ཁང་(The Epoch Times)ལ་ཉེ་ཆར་ལག་སོན་བྱུང་བའི་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ཅིག་གི་ནང་དུ། རྒྱ་ནག་གི་ས་གནས་སྲིད་གཞུང་ཚོས་སོ་སོའི་གནས་ཚུལ་རྣམས་ཁྱབ་བསྒྲགས་བྱེད་པའི་ཆེད་དུ་མཉེན་ཆས་བཟོ་ཚོང་ཁང་རྣམས་ལ་མ་དངུལ་འབོར་ཆེན་གཏོང་བཞིན་ཡོད་པ་གསལ་ཡོད་འདུག
སྤྱི་ཚོགས་དྲ་ལམ་དུ་སོ་སོའི་དགོས་མཁོ་དང་འཚམ་པའི་རྫུན་བསྒྲགས་ཁྱབ་སྤེལ་གཏོང་བའི་བསམ་བློ་དེ་གཙོ་བོ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡ པར་སྲིད་འཛིན་ཞི་ཅིན་ཕིང་གིས་གཏམ་བཤད་དང་རྩོམ་ཡིག་ཏུ་ཐོག་མར་སྒྲོག་འགོ་བརྩམས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དུས་དེབ་ཅིག་ཏུ་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཁོས་“གཅིག་འདུས་བརྒྱུད་ལམ་རྒྱ་སྐྱེད་གོང་མཐོར་གཏོང་བའི་ཐོག་ནུས་ཤུགས་འདོན་དགོས་”པའི་སྐུལ་མ་བྱས་འདུག
དུས་རབས་ཉེར་གཅིག་ནང་སྤྱི་ཚོགས་དྲ་བ་ནི་མི་མང་རྣམས་ཀྱི་ཁ་བྲལ་ཐབས་མེད་པའི་འཚོ་བའི་ཆ་ཤས་སུ་གྱུར་ཡོད་པ་དང་། མི་མང་གི་བསམ་ཚུལ་དང་ལྟ་བ་ལ་སྤྱི་ཚོགས་དྲ་ལམ་དུ་ཁྱབ་གདལ་འགྲོ་བཞིན་པའི་གནས་ཚུལ་གྱིས་ཤུགས་རྐྱེན་ཚད་མེད་ཐེབས་ཀྱི་ཡོད་པས། རྒྱ་ནག་གིས་སྒོར་མོ་དང་ནུས་ཤུགས་ཚད་མེད་བཏང་ནས་མཉེན་ཆས་བཟོ་ཚོང་ཁང་དང་། སྤྱི་ཚོགས་དྲ་ལམ་དུ་ཤུགས་རྐྱེན་ཆེ་བའི་མི་སྣ་རྣམས་(Influencers)བསླུ་བྲིད་བྱེད་ཀྱིན་ཡོད།
བོད་ཀྱི་གནད་དོན་ཁོ་ནར་མཚོན་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་དུ་རྒྱལ་སྤྱིའི་གསར་འགོད་པ་ཚད་ལྡན་རྣམས་གཏན་ནས་འགྲོ་རུ་འཇུག་གི་མེད། འོན་ཀྱང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཡོའུ་ཊོབ་(Youtube)ཏུ་རྗེས་འབྲང་བ་འབུམ་གཅིག་ལྷག་ཙམ་ཡོད་པའི་ཌན་ནལ-ཌམ་བྷིལ་(Daniel Dumbrill)ཟེར་བའི་ཕྱི་རྒྱལ་བ་ཞིག་བོད་དུ་ཕྱིན་ནས་བོད་དོན་དང་འབྲེལ་བའི་རྒྱ་ནག་གི་རྫུན་བསྒྲགས་རྣམས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤུགས་ཆེར་བརྒྱུད་སྤེལ་བྱས་ཡོད།
དེ་བཞིན་ཟླ་འདིའི་ཚེས་ ༡༨ ཉིན་ཋོའུ་ཋར་དྲ་བའི་(Tweeter)ཐོག་རྗེས་འབྲང་བ་དྲུག་ཁྲི་ལྔ་སྟོང་ལྷག་དང་གནད་ཡོད་མི་སྣའི་མཚོན་རྟགས་སྔོན་པོ་(Blue check)ཡོད་པའི་ཕྱི་རྒྱལ་གྱི་བུད་མེད་སཱ་མིརཱ-ཁཱང་(Sameera Khan)ཟེར་བ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་“འཛམ་གླིང་སྟེང་གི་གུས་བརྩི་ཆེ་ཤོས་བྱེད་ཡུལ་གྱི་བྲན་བདག་ཟུར་པ་”ཞེས་བོས་ཏེ་རྒྱ་ནག་གཞུང་གི་རྫུན་བསྒྲགས་སྤེལ་རོགས་བྱས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།