རྒྱ་ནག་གཞུང་གིས་ཨཱ་ལི་བྷ་བྷ་ཚོང་ལས་ཁང་ལ་ཞིབ་འཇུག་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་ཨཱ་ལི་བྷ་བྷ་ཚོང་ལས་ཁང་སྟངས་འཛིན་བྱེད་ཆེད་དུ། དེ་སྔོན་དང་མི་འདྲ་བར་མགོ་གནོན་ཐབས་བྱེད་བཞིན་ཡོད་པ་ལྟར། ཐེངས་འདིར་ཚོང་ལས་ཁང་དེར་ཚོང་ལས་དབང་འཛིན་ལས་དོན་དང་འབྲེལ་ནས་ཞིབ་འཇུག་བྱེད་བཞིན་ཡོད་འདུག 

ཟླ་༡༢ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉིན་དེར་རྒྱ་ནག་གཞུང་གི་ཁྲོམ་ར་སྟངས་འཛིན་ལས་དོན་ཁང་གིས། དྲ་ཐོག་ཚོང་ལས་ཁང་ཨཱ་ལི་ལི་བྷ་བྷ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་བྱས་འདུག་པ་དང་། རྒྱ་ནག་ནང་གི་དྲ་ཐོག་ཚོང་ལས་ཁང་ཆེ་ཤོས་དེ་ནི་རྒྱ་ནག་ཕྱུག་བདག་མཱ་ཡེན་ཇུང་གིས་གསར་འཛུགས་བྱས་པ་ཞིག་ཡིན་པ་རེད།

དེ་ཡང་ཁྲོམ་ར་སྟངས་འཛིན་ལས་དོན་ཁང་གིས་དེ་སྔོན་ཨཱ་ལི་བྷ་བྷ་ཚོང་ལས་ཁང་ལ། ཚོང་པ་ཚོར་ཚོང་ཟོག་ཁོ་ཚོར་མ་གཏོགས་དྲ་ཐོག་ཚོང་ལས་ཁང་གཞན་བརྒྱུད་ནས་ཚོང་འགྲེམ་མི་བྱེད་པའི་གན་རྒྱར་མིང་རྟགས་འགོད་རྒྱུར་བཙན་སྐུལ་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་འདུག་པས། ཐེངས་འདིར་དྲ་ཐོག་ཚོང་ལས་ཁང་དེར་བྱ་སྤྱོད་དེ་དང་འབྲེལ་ནས་ཞིབ་འཇུག་བྱེད་བཞིན་ཡོད་འདུག 

རྒྱ་ནག་གཞུང་གིས་ཨཱ་ལི་བྷ་བྷ་དྲ་ཐོག་ཚོང་ལས་ཙམ་མ་ཡིན་པར། དེའི་ཡན་ལག་དྲ་ཐོག་དཔལ་འབྱོར་ཚོང་ལས་ཁང་(Ant Group) ཞེས་པ་དེར་ཡང་ཞིབ་འཇུག་དང་འདྲི་རྩད་བྱེད་འཆར་ཡོད་པས། བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་དྲ་འཕྲུལ་ཚོང་ལས་ཁང་ཆེ་ཤོས་ཨཱ་ལི་བྷ་བྷ་དང་ཀྲན་སན་ཌ་གཉིས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་དེར་རྒྱ་ནག་གཞུང་ལ་སེམས་འཚབ་ཡོད་པས། ཞིབ་འཇུག་དང་མགོ་གནོན་ཐབས་བྱེད་བཞིན་ཡོད་པ། དེ་ཡང་ཚོང་ལས་ཁང་དེ་དག་གི་མཉེན་ཆས་དང་ཞབས་ཞུར་བཀོལ་སྤྱོད་བྱེད་བཞིན་རྒྱ་ནག་གི་མི་མང་ས་ཡ་མང་པོ་ཡོད་རྐྱེན། ཁོ་ཚོའི་ཉིན་རེའི་ཅ་དངོས་ཉོ་ཚོང་དང་དངུལ་སྤྲོད་ལེན་སོགས་ཉིན་རེའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཡོད་པ་དེར་རྒྱ་ནག་གཞུང་ལ་སེམས་འཚབ་སྐྱེ་བཞིན་ཡོད་སྐོར་བརྗོད་བཞིན་འདུག 

དེ་སྔོན་ཟླ་༡༡ པའི་ནང་རྒྱ་ནག་གི་དྲ་ཐོག་ཚོང་ལས་ཁང་ཆེ་ཤོས་Alibaba ཡི་ཁོངས་སུ་གཏོགས་པའི་དྲ་ཐོག་དཔལ་འབྱོར་ཚོང་ལས་སྡེ་ཚན་Ant Group ཞེས་པ་དེ། ཧོང་ཀོང་དང་ཧྲེང་ཧེ་མ་རྐང་ཁྲོམ་ར་གཉིས་སུ་གསར་ཞུགས་བྱེད་འཆར་ཡོད་འདུག་པ་དང་། སྐབས་དེར་མི་མང་ལ་མ་རྐང་ཐེངས་དང་པོ་བཙོང་སྐབས་སུ་ཨ་སྒོར་ཐེར་འབུམ་༣༧ འདུ་འགོད་བྱེད་ཐུབ་རྒྱུ་ཡིན་འདུག་པས། མ་རྐང་ཁྲོམ་རའི་ལོ་རྒྱུས་ནས་ཚོང་ལས་ཁང་ཞིག་མ་རྐང་ཁྲོམ་རར་གསར་ཞུགས་སྐབས་སུ་དངུལ་མང་ཤོས་བཟོ་ཐུབ་མཁན་དེ་ཆགས་རྒྱུ་ཡིན་འདུག ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་འཇོག་རྒྱུ་ཡིན་པ་རེད་དེ། གལ་ཆེན་གྱི་ལས་དོན་དེ་སྤེལ་བར་ཉིན་གཉིས་ཀྱི་སྔོན་ལ་ཚོང་ལས་ཁང་དེས་གསལ་བསྒྲགས་ཤིག་སྤེལ་ནས། མ་རྐང་ཁྲོམ་རར་གསར་ཞུགས་བྱེད་འཆར་གྱི་ལས་རིམ་དེ་གནས་སྐབས་ཕྱིར་འཐེན་བྱེད་རྒྱུའི་གསལ་བསྒྲགས་བྱས་ནས། རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཚན་ནང་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད། རྗེས་སུ་མ་རྐང་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་གི་དངུལ་ཁང་དང་ཉེན་སྲུང་སྟངས་འཛིན་ལྷན་ཚོགས་དང་། རྒྱ་ནག་གི་མི་དམངས་དངུལ་ཁང་སོགས་དཔལ་འབྱོར་སྟངས་འཛིན་ལས་ཁང་བཞི་ཡིས། མཱ་ཡེན་ཅུང་དང་(Ant Group) ཚོང་ལས་ཁང་གི་འགན་འཛིན་གཉིས་འདྲི་རྩད་ཆེད་དུ་འབོད་འགུག་བྱས་ཡོད་པས་ཡིན་འདུག 

དེ་ཡང་ཚོང་ལས་ཁང་གིས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་ཕྱིར་བསྒྲགས་བྱས་པའི་ནང་། སྟངས་འཛིན་གྱི་སྒྲིག་གཞི་ཁག་ཅིག་གསར་པ་བཟོས་ཡོད་པས་དེ་དག་དང་མཐུན་ཆེད་དུ་ལས་དོན་བསྐྱར་ཞིབ་བྱེད་ཆེད་ཡིན་སྐོར་བརྗོད་བཞིན་འདུག་ཀྱང་། དཔྱད་བརྗོད་པ་ཚོས་རྒྱ་ནག་གི་དཔལ་འབྱོར་སྟངས་འཛིན་སྡེ་ཚན་ཚོས་ཕྱུག་བདག་མཱ་ཡེན་ཅུང་དང་རྒྱལ་སྤྱིའི་དཔལ་འབྱོར་སྡེ་ཚན་ཁག་ལ། མཐའ་མའི་ཐག་གཅོད་ཀྱི་དབང་ཆ་དེ་རྒྱ་ནག་གཞུང་ལ་ཡོད་པ་དྲན་གསོ་བྱེད་ཆེད་ཀྱི་བརྡ་ལན་ཡིན་སྐོར་བརྗོད་བཞིན་འདུག གནད་དོན་དེ་ལ་བརྟེན་ནས་ཉིན་དེར་ཕྱུག་བདག་ཁོང་གི་ཚོང་ལས་ཁང་གཞན་Alibaba མ་རྐང་རིན་གོང་མར་ཆགས་ནས་ཚོང་ལས་ཁང་དེའི་རིན་གོང་ཨ་སྒོར་ཐེར་འབུམ་༧༦ ལྷག་ཆུང་དུ་ཕྱིན་ནས། གྱོང་གུད་ཆེན་པོ་བྱུང་འདུག ད་ལྟའི་ཆར་མ་རྐང་ཁྲོམ་རའི་རིན་གོང་ཨ་སྒོར་ཐེར་འབུམ་༡༤༠ ལྷག་མར་ཆགས་ཡོད་པ་རེད་འདུག 

རྒྱ་ནག་ནང་སྒེར་གྱི་ཚོང་ལས་སྡེ་ཚན་ཆེ་ཁག་རྣམས་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དགོས་ཀྱི་ཡོད་པ་དང་། གལ་ཏེ་དམར་ཤོག་ཚོགས་པར་སྐྱོན་བརྗོད་དང་དེའི་དབང་ཚད་ལ་ཁ་གཏད་གཅོག་ཐབས་བྱས་ཚེ། མགོ་གནོན་རྒྱུ་ཡིན་པ་གཏན་ཁེལ་རེད། དེ་ཡང་ཇེག་མཱ་ཡེན་དང་ཁོང་གི་ཚོང་ལས་སྡེ་ཚན་རྣམས་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཆེན་པོ་ཆགས་ཀྱི་ཡོད་པས། དེའི་སྟངས་འཛིན་རྒྱ་ནག་གཞུང་གི་འོག་ཏུ་མུ་མཐུད་གནས་རྒྱུ་གལ་ཆེན་ཆགས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།