རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཞིག་གིས་ཨ་རིའི་གསར་ཤོག་རྣམས་ལ་ཨ་སྒོར་ས་ཡ་༡༩ ལྷག་སྤྲད་ཡོད་འདུག

རྒྱལ་སྤྱིའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་སྤེལ་ཆེད་དུ་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་གཏོང་གི་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་གསར་ཤོག་ནང་དུ་རྒྱ་ནག་གི་རྣམ་པ་ཡག་པོ་སྟོན་པའི་གནས་ཚུལ་སྤེལ་ཆེད་དུ་གསར་ཤོག་གི་ཤོག་ངོས་ཉོས་ནས་གནས་ཚུལ་སྤེལ་གྱི་ཡོད་པ་ལྟར། ཨ་རིའི་ནང་ལས་འགུལ་དེའི་ཆེད་དུ་ལོ་བཞིའི་ནང་ཨ་སྒོར་ས་ཡ་༡༩ ལྷག་སྤྲད་ཡོད་འདུག

ཟླ་༦ པའི་ཚེས་༨ ཉིན་ཨ་རིའི་ནང་གི་རྙིང་ཞེན་གསར་ཁང་ Daily Caller ཞེས་པས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་བརྒྱུད་ལམ་གཙོ་བོའི་གྲས་སུ་ཡིན་པའི་དབྱིན་ཡིག་གསར་ཤོག་རྒྱ་ནག་ཉིན་རེའི་གསར་ཤོག་(China Daily)གིས། ཨ་རིའི་ཁྲིམས་ཞིབ་ལྷན་ཁང་ཨ་རིའི་ནང་ལས་དོན་སྤེལ་བའི་སྙན་ཐོ་མཁོ་སྤྲོད་བྱས་ཡོད་འདུག དེ་ལྟར་བྱེད་དོན་ནི་གསར་ཤོག་དེ་ཨ་རིའི་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་གི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་བྱས་རྐྱེན། ཕྱིའི་རྒྱལ་ཁབ་ཁག་གི་ལས་དོན་སྒྲུབ་མཁན་གྱི་ལས་ཁང་ཐོག་ཡོད་པའི་ཁྲིམས་སྲུང་དགོས་ཀྱི་ཡོད་པ་རེད་འདུག

སྙན་ཐོ་དེའི་ནང་རྒྱ་ནག་ཉིན་རེའི་གསར་ཤོག་གིས་ཨ་རིའི་ནང་གི་གསར་ཤོག་ཆེ་གྲས་ཁག་ལ། རྒྱ་ནག་གི་རྣམ་པ་བཟང་པོ་སྟོན་པའི་གནས་ཚུལ་སྤེལ་ཆེད་དུ་གསར་ཤོག་གི་ཤོག་ངོས་ཉོས་ཏེ། རྒྱ་ནག་ལྟ་ཞིབ་ཅེས་པའི་མིང་ཐོག་ནས་གནས་ཚུལ་དང་། ཁྱབ་བསྒྲགས་མང་པོ་ཞིག་སྤེལ་ཆེད་དུ་ཕྱི་ལོ་ ༢༠༡༦ ལོའི་ཟླ་༡༡ པ་ནས་ད་བར་ཨ་སྒོར་ས་ཡ་༡༩ ལྷག་འགྲོ་སོང་བཏང་ཡོད་འདུག

དེ་ཡང་གསར་ཤོག་དེས་ཨ་རིའི་ནང་གི་གསར་ཤོག་ཆེ་གྲས་The Washington Post ལ་ཨ་སྒོར་ས་ཡ་༤.༦ དང་།  The Wall Street Journal ལ་ཨ་སྒོར་ས་ཡ་༦ ལ་ཉེ་བ་སྤྲད་ཡོད་འདུག གསར་ཁང་དེ་གཉིས་ཀྱིས་གསར་ཤོག་ནང་དུ་རྒྱ་ནག་ལྟ་ཞིབ་ཅེས་པའི་མིང་ཐོག་ནས་གནས་ཚུལ་སྤེལ་ཡོད་འདུག གནས་ཚུལ་དེ་རིགས་གསར་ཤོག་དེའི་ནང་གསར་འགྱུར་ཡིན་པ་མཐོང་ཆེད་དུ་ནང་འཇུག་དང་སྒྲིག་བཟོ་བྱེད་ཀྱི་ཡོད་ཀྱང་། གནས་ཚུལ་ཕལ་ཆེ་བ་རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་ནས་རྒྱ་ནག་ལ་རྣམ་པ་བཟང་པོ་སྟོན་པའི་གནས་ཚུལ་ཡིན་འདུག་ཅིང་། གནས་ཚུལ་འབྲི་མཁན་ཡང་རྒྱ་ནག་ཉིན་རེའི་གསར་ཤོག་ཡིན་འདུག

དེ་ཡང་ཕྱི་ལོ་༢༠༡༨ ལོའི་ཟླ་༩ པའི་ནང་གསར་ཤོག་དེ་གཉིས་ཐོག་ཏུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་ཐོབ་ཡོད་སྐོར་དང་། དེ་བཞིན་ཨ་རིའི་རྒྱ་ནག་ཐོག་བཀལ་བའི་སྒོ་ཁྲལ་གྱིས་ཨ་རིའི་ནང་ཁང་པ་འཛུགས་སྐྲུན་གྱི་རིན་གོང་མཐོ་རུ་འགྲོ་རྒྱུ་ཡིན་པའི་གསར་འགྱུར་སོགས་སྤེལ་ཡོད་པ་རེད་འདུག

དེ་བཞིན་རྒྱ་ནག་ཉིན་རེའི་གསར་ཤོག་གིས་ཨ་རིའི་ནིའུ་ཡོག་དུས་བབ་(New York Times)དང་། ཕྱི་འབྲེལ་སྲིད་བྱུས་(Foreign Policy)ལ་སོགས་པའི་གསར་ཁང་ཆེ་བ་རྣམས་ཀྱི་གསར་ཤོག་ཐོག་ཏུ་ཁྱབ་བསྒྲགས་གཏོང་ཆེད་འགྲོ་སོང་མང་པོ་བཏང་ཡོད་འདུག

དེ་སྔོན་ཟླ་༢ པའི་ནང་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་གྱིས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་རྣམས་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་གར་གྱི་གསར་ཤོག་ཁག་ཅིག་ནང་དུ་ཡང་རྒྱ་ནག་གི་དྲིལ་བསྒྲགས་གསར་འགྱུར་སྤེལ་བ་ཡང་བྱུང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།