རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ནང་སྐུ་ཞབས་ཌོ་ནལ་ཊོམ་ལ་བསྟོད་བསྔགས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་འོས་ཐོན་སྲིད་འཛིན་ཌོ་ནལ་ཊོམ་གཉིས། ཉེ་བའི་ཆར་ཁ་པར་བརྒྱུད་སྐད་ཆ་བཤད་ཡོད་པ་དང་། སྐད་ཆ་མ་བཤད་པའི་སྔོན་དུ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཊོ་རོམ་ལ་ཉེན་བརྡའི་རྩོམ་ཡིག་སྤེལ་འདུག་པ་དང་། དེ་རྗེས་ཊོ་རོམ་གྱི་ཉམས་མྱོང་དང་ལྟ་བར་བསྟོད་བསྔགས་མང་པོ་བཏང་འདུག

5179དེ་ཡང་ཟླ་འདིའི་ཚེས་༡༤ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཞི་ཅིན་ཕིང་དང་ཌོ་ནལ་ཊོམ་གཉིས་ཁ་པར་བརྒྱུད་སྐད་ཆ་བཤད་ཡོད་འདུག དེ་རྗེས་ཊོམ་སྲིད་འཛིན་གྱི་བར་སྐལ་ལས་ཁུངས་ཀྱི་བསྒྲགས་གཏམ་ནང་། འགོ་ཁྲིད་གཉིས་བར་ཕན་ཚུན་གུས་བརྩི་བསྐྲུན་ཐུབ་པ་བྱུང་བ་དང་། ཊོམ་གྱིས་རྒྱལ་ཁབ་གཉིས་ཀ་ཡར་རྒྱས་མདུན་བསྐྱོད་བྱེད་པར་འགོ་ཁྲིད་གཉིས་བར་འབྲེལ་ལམ་དམ་ཟབ་བྱུང་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ཞི་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་པའི་ནུས་པ་ཆེན་པོ་ཡོད་སྐོར་བརྗོད་པ་དང་། འགོ་ཁྲིད་གཉིས་མྱུར་དུ་ཐུག་འཕྲད་བྱ་རྒྱུ་མོས་མཐུན་བྱས་ཡོད་འདུག

ཁོ་གཉིས་བར་ལ་སྐད་ཆ་མ་བྱུང་བའི་སྔོན་དུ། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་རྔ་ལ་དཔག་པའི་འཆམ་འཁྲབ་རྒྱུ་ཡིན་པ། དེ་བཞིན་ཨ་རིའི་རླངས་འཁོར་དང་ཀུ་ཤུ་རྟགས་ཅན་གྱི་ཁ་པར་སོགས་ཀྱི་ཚོང་འགྲེམས་ལ་དཀའ་ངལ་འཕྲད་སྲིད་པ། རྒྱ་ནག་གི་སློབ་མ་ཨ་རིའི་ནང་སློབ་སྦྱོང་བྱེད་པའི་གྲངས་འབོར་ཚད་བཀག་བཟོ་ཐུབ་ཀྱི་རེད་དམ། ཊོམ་ནི་ཚོང་པ་སྤྱང་པོ་ཞིག་ཡིན་པས་ཕྱོགས་གཉིས་བར་ཚོང་འབྲེལ་གྱི་དམག་འཁྲུག་སློང་འདོད་པའི་མི་རྣམ་དཔྱོད་མེད་པ་ཞིག་མིན་སྐོར་སོགས་ཀྱི་ཉེན་བརྡའི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་འདུག དེ་སྔོན་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྱབ་བསྒྲགས་སྐབས་སུ། ཊོམ་གྱིས་ཨ་རིར་རྒྱ་ནག་གི་ཚོང་ཟོག་ཕྱི་འདྲེན་བྱེད་པར་ཁྲལ་བརྒྱ་ཆ་༤༥ བརྒྱབ་དང། རྒྱ་ནག་ལ་མགོ་སྒུར་རྒྱུ་མིན་པ་སོགས་བཤད་ཡོད་པ་རེད།

འགོ་ཁྲིད་གཉིས་བར་སྐད་ཆ་བྱུང་བའི་རྗེས་སུ། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཌོ་ནལ་ཊོམ་གྱི་ཉམས་མྱོང་དང་ལྟ་བ་གཉིས་ནི་དུས་རབས་དང་མཐུན་པས། སྟོབས་ཆེན་རྒྱལ་ཁབ་གཉིས་བར་གནས་ལུགས་ལྡན་པའི་ཐོག་ནས་འབྲེལ་ལམ་གྱི་རྣམ་པ་གསར་པ་བསྐྲུན་ཐུབ་མཁན་གྱི་ཨ་རིའི་འགོ་ཁྲིད་གཅིག་པུ་དེ་ཕལ་ཆེར་ཡིན་པ་སོགས་ཀྱི་བསྟོད་བསྔགས་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།