རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཚད་མེད་སྐོར་གསུངས་འདུག
ཨ་རིའི་གྲོས་ཚོགས་གོང་མ་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་ཅིག་གི་ཐོག རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཚད་མེད་པ་དང་། གལ་ཏེ་མ་འོངས་པར་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཚེ་ཨ་རིའི་གཞུང་དང་མི་མང་གིས་ངོས་ལེན་བྱེད་ཐབས་མེད་པ་ཡིན་སྐོར་གྱི་གླེང་མོལ་བྱུང་འདུག
ཟླ་༡༢ པའི་ཚེས་༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ། གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་ནས་རྒྱ་ནག་ནང་གི་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། དེ་བཞིན་ཡུལ་དེའི་སྒྲིག་ཁྲིམས་དང་དེར་གདོང་ལེན་གནང་ཕྱོགས་སྐོར་ཉན་ཞིབ་ཀྱི་ལས་རིམ་ཞིག་འཚོགས་འདུག དེའི་ཐོག་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་དང་། ཨ་རིའི་ཕྱི་སྲིད་ལས་ཁང་གི་ཤར་ཨེ་ཤི་ཡ་དང་ལྷོ་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་དང་། ཨ་རིའི་རོགས་སྐྱོར་ཐེབས་རྩའི་ངེས་སྟོན་པ། དེ་བཞིན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་སོགས་མཉམ་ཞུགས་བྱས་འདུག
ཉན་ཞིབ་སྐབས་སུ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀཱོ་རི་གྷར་ཌེ་ནེར་གྱིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་དབང་ཚད་ཡོད་སྐོར་བརྗོད་པ་དེར་ཨ་རིའི་གྲོས་ཚོགས་ནས་ངོས་ལེན་རྩ་བ་ནས་མེད་སྐོར་བརྗོད་འདུག དེ་དང་འབྲེལ་ནས་ཨ་རིའི་ཕྱི་སྲིད་ལས་ཁང་གི་ཤར་ཨེ་ཤི་ཡ་དང་ལྷོ་ཞི་བདེ་རྒྱ་མཚོའི་སྡེ་ཚན་གྱི་དྲུང་གཞོན་ལས་རོགས་ལྕམ་ལཱའོ་ར་སེ་ཀྲོན་གྱིས། ཨ་རིའི་གཞུང་གིས་ཆོས་ཕྱོགས་དང་འབྲེལ་བའི་ཐག་གཅོད་རྣམས་ཆོས་ཀྱི་ཚོགས་སྡེ་ཁག་གིས་བྱེད་དགོས་པ་ལས། སྲིད་གཞུང་ཞིག་གི་ཐེ་བྱུས་མི་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གྲོས་ཚོགས་གོང་མའི་ཉན་ཞིབ་ལས་རིམ་ནང་གནད་དོན་དེའི་སྐོར་གླེང་སློང་བྱུང་བ་དེས། རྒྱ་ནག་གཞུང་ལ་གནད་དོན་དེ་ནི་ཨ་རིའི་མཐོ་རིམ་དབང་འཛིན་པ་ཚོས་གལ་ཆེན་དུ་བརྩིས་ནས་དོ་སྣང་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག
དེ་བཞིན་སྐུ་ཞབས་གྷར་ཌེ་ནེར་གྱིས་ཕྱི་ལོ་༢༠༠༢ ལོར་ཨ་རི་གཞུང་གིས་བོད་ཐོག་གཏན་འབེབས་བྱས་པའི་སྲིད་བྱུས་ནང་ཨ་རི་གཞུང་གི་མི་སྣ་བོད་ནང་དུས་ནས་དུས་སུ་འཚམས་གཟིགས་སུ་ཕེབས་དགོས་པ་འཁོད་ཡོད་ཀྱང། ད་ཆ་ཨ་རིའི་མི་སེར་དང་། གསར་འགོད་པ། དེ་བཞིན་སྤྲོ་འཆམ་པ་སོགས་བོད་ནང་ཕེབས་ཆོག་པའི་ཆོག་མཆན་མི་སྤྲད་སྟབས། ད་ལྟ་ཚུན་ཆད་བོད་ནང་ཨ་རིའི་གཞུང་འབྲེལ་མི་སྣ་ཉུང་ཤས་ལས་ཕེབས་ཐུབ་མེད་པས། བོད་ནང་འདྲ་མཉམ་འགྲུལ་བཞུད་ཀྱི་ཁྲིམས་འཆར་དེ་གལ་ཆེན་བརྩི་དགོས་ཀྱི་ཡོད་པས། ཕྱི་སྲིད་ལས་ཁང་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་ཡོད་མེད་སྐོར་དྲིས་སྐབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་ནང་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོད་པ་དང། ཁྲིམས་འཆར་དེ་ཁྲིམས་སུ་གཏན་འབེབས་བྱུང་ཚེ། དེའི་ནང་གི་ཆ་རྐྱེན་རྣམས་ལག་ལེན་བསྟར་རྒྱུ་ཡིན་སྐོར་བརྗོད་འདུག
བོད་ནང་འདྲ་མཉམ་འགྲུལ་བཞུད་ཆོག་པའི་ཁྲིམས་འཆར་དེ་གལ་ཏེ་གཏན་འབེབས་བྱུང་ཚེ། རྒྱ་ནག་གི་མི་སེར་དང་གསར་འགོད་པ། གཞུང་འབྲེལ་མི་སྣ་སོགས་ཨ་རིར་འགྲུལ་བཞུད་བྱེད་ཆོག་གི་ཡོད་པ་ལྟར། ཨ་རིའི་མི་སེར་དང་གསར་འགོད་པ། དེ་བཞིན་གཞུང་འབྲེལ་མི་སྣ་རྣམས་བོད་ནང་དུ་འདྲ་མཉམ་ཐོག་འགྲུལ་བཞུད་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཀྱི་ཡོད་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཨ་རིར་འགྲུལ་བཞུད་བྱེད་མི་ཆོག་པ་བཟོས་དགོས་པའི་དགོས་འདུན་བཏོན་ཡོད་འདུག ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། གྲོས་ཚོགས་གོང་མའི་ཕྱི་དྲིལ་ལས་དོན་ཚོགས་ཆུང་ནས་སྤྱི་མོས་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་རེད། གལ་ཏེ་རྗེས་སུ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་ཚེ། ཁྲིམས་སུ་གཏན་འབེབས་བྱ་རྒྱུ་ཡིན་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།