རྒྱ་ནག་གི་ཁྲིམས་རྩོད་པ་ཁྲེན-ཀུང་ཁྲེང་གིས་སྲིད་འཛིན་ཊོམ་འོས་བླུག་དགོས་སྐོར་བཤད་འདུག
ཨ་རིར་བྲོས་བྱོལ་དུ་ཡོང་བའི་རྒྱ་ནག་གི་ཁྲིམས་རྩོད་པ་ཁྲེན-ཀུང་ཁྲེང(Chen Guangcheng) གིས་རྒྱ་ནག་དམར་ཤོག་ཚོགས་པ་ནི་“མིའི་རིགས་ཀྱི་དགྲ་བོ་ཞིག་”ཡིན་པ་དང་། དེ་ལ་ཁ་གཏད་གཅོག་པའི་ཆེད་མང་གཙོའི་རྒྱལ་ཁབ་དང་། འོས་ཤོག་འཕེན་མཁན་རྣམས་ཀྱིས་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་བཤད་འདུག
དེ་ཡང་ཕྱི་ཟླ་༨ པའི་ཨ་རིའི་ཚེས་༢༦ རེས་གཟའ་ལྷག་པའི་ཉིན་མིག་ལོང་བའི་རྒྱ་ནག་གི་ཁྲིམས་རྩོད་པ་ཁོང་གིས་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་སྟེང་གཏམ་བཤད་ཅིག་གནང་བའི་སྐབས། ཁོང་གིས་“རྒྱ་ནག་དམར་ཤོག་ཚོགས་པ་ནི་འགྲོ་བ་མིའི་རིགས་ཀྱི་དགྲ་བོ་ཞིག་རེད། དེས་སོ་སོའི་མི་མང་ལ་གདུག་རྩུབ་དྲག་པོས་འཇིགས་སྣང་སློང་བཞིན་པ་མ་ཟད། འཛམ་གླིང་ཁྱོན་གྱི་བདེ་སྡུག་ལའང་གནོད་འཚེ་གཏོང་བཞིན་ཡོད་”ཅེས་བཤད་པའི་ཐོག “རྒྱ་ནག་ཏུ་དམར་ཤོག་ཚོགས་པའི་འདོད་པ་དང་མི་མཐུན་པའི་བསམ་ཚུལ་ལ་ཡིད་ཆེས་ཏེ། ཆོས་ལུགས་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་བཤད་པ་ཡིན་ན་བཙོན་ཁང་དུ་འཇུག་གི་རེད། རྒྱལ་ཁབ་ཡོངས་རྫོགས་ཞིབ་བཤེར་དང་སྟངས་འཛིན་ཚད་མེད་འོག་ཏུ་གནས་ཡོད་”ཅེས་བསྣན་འདུག
རྒྱ་ནག་དམར་ཤོག་ཚོགས་པས་ཁ་ཆེ་དང་། ཡེ་ཤུ། ཧྥ་ལུང་ཀོང།(Falun Gong) བོད་བརྒྱུད་ནང་བསྟན་ལ་སོགས་པའི་ཆོས་ལུགས་རྣམས་རྩ་མེད་དུ་སྣུབ་ཐབས་བྱེད་ཀྱི་ཡོད་པ་དང་། ཆོས་ལུགས་དེ་དག་གི་རྗེས་འབྲང་བ་རྣམས་ཡ་ང་སྙིང་རྗེ་བྲལ་བའི་ཐོག་ནས་འཛིན་བཟུང་བཙོན་འཇུག་དང་། སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པའི་ཁར། བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་བདག་དབང་ཡང་ཁོ་ཚོ་ལ་ཡོད་ཚུལ་བཤད་དེ་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱང་ཆབ་སྲིད་ཀྱི་ལག་ཆ་འབའ་ཞིག་ཏུ་སྒྱུར་བའི་འབད་བརྩོན་བྱེད་ཀྱི་ཡོད།
རེས་གཟའ་ལྷག་པའི་ཉིན་གྱི་གཏམ་བཤད་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན-ཀུང་ཁྲེང་གིས་“རྒྱ་ནག་དམར་ཤོག་ཚོགས་པའི་རྩུབ་སྤྱོད་བཀག་འགོག་བྱེད་པའི་ཆེད། ཨ་རིས་ངེས་པར་དུ་སོ་སོའི་རང་དབང་དང་། མང་གཙོ། སྒྲིག་ཁྲིམས་བཅས་ཀྱི་རིན་ཐང་བེད་སྤྱོད་བྱས་ཏེ་མང་གཙོའི་རྒྱལ་ཁབ་གཞན་རྣམས་དང་ཆིག་སྒྲིལ་བྱེད་དགོས་”ཞེས་ཊོམ་སྲིད་གཞུང་དང་འཛམ་གླིང་གི་མང་གཙོའི་སྲིད་གཞུང་གཞན་རྣམས་ལ་འབོད་སྐུལ་ཞུས་པའི་ཐོག “འཛམ་གླིང་སྤྱིའི་ཆེད་དུ། ང་ཚོས་སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་དང་། འོས་ཤོག་འཕེན་དགོས་”ཞེས་བསྣན་འདུག
ཁྲེན-ཀུང་ཁྲེང་ནི་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་ནས་ཨ་རི་ལ་བྲོས་བྱོལ་དུ་ཡོང་བ་ཞིག་ཡིན་པ་དང་། ཁོང་ཨ་རིར་མ་ཡོང་སྔོན་ལ། རྒྱ་ནག་ནང་དུ་ཞིང་པ་དང་། དབང་པོ་སྐྱོན་ཅན་གྱི་མི་སེར། དེ་བཞིན་བཙན་གྱིས་ཕྲུ་གུ་མངལ་ནས་འབྱིན་དུ་བཅུག་པའི་བུད་མེད་སོགས་ཀྱི་དཀའ་སྡུག་ཆེད་དུ་ལོ་མང་རིང་ཁྲིམས་རྩོད་བྱས་ཏེ། མི་མང་གི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལོ་དྲུག་ལ་བཙོན་འཇུག་བྱེད་མྱོང་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།