རྒྱ་ནག་གི་གནོན་ཤུགས་འོག་མ་སོང་བར་ཅེག་སྐུ་ཚབ་ཚོགས་པ་ཐའེ་ཝན་དུ་སླེབས་འདུག 

ཐའེ་ཝན་ནང་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཙོས་པའི་སྐུ་ཚབ་ཚོགས་པ་ཞིག་སླེབས་འདུག་པ་དང་། སྐོར་བསྐྱོད་དེ་ནི་ཉེ་ཆར་ཐའེ་ཝན་ནང་དུ་ཨ་རིའི་འཕྲོད་བསྟེན་དྲུང་ཆེ་སླེབས་པའི་རྗེས་ལ། ཕྱིའི་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་སྣའི་སྐོར་བསྐྱོད་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད་པས། རྒྱ་ནག་གིས་སྐོར་བསྐྱོད་དེར་དགག་བྱ་བྱས་འདུག 

དེ་ཡང་ཟླ་༨ པའི་ཚེས་༣༠ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Milos Vystrcil) གཙོས་པའི་གྲོས་ཚོགས་འོག་མའི་འཐུས་མི་གཞན་༧ དང་། རྒྱ་ནག་ལ་ཁ་གཏད་ཀྱིས་ལས་དོན་སྤེལ་མཁན་ཅེག་གི་རྒྱལ་ས་པེ་རག་གྲོང་ཁྱེར་གྱི་སྤྱི་ཁྱབ་དཔོན་(Zdenek Hrib) སོགས་ཚུད་པའི་སྐུ་ཚབ་མི་སྣ་༨༩ ཞིག་ཐའེ་ཝན་དུ་འབྱོར་འདུག་པ་དང་། ཁོང་རྣམས་ཟླ་༩ པའི་ཚེས་༤ ཉིན་ཐའེ་ཝན་དུ་ཚོང་དོན་དང་ལས་དོན་གཞན་གྱི་ཆེད་དུ་སྡོད་ཀྱི་ཡོད་པ་རེད་འདུག 

ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝན་གྱིས་རྒྱལ་ཁབ་གཉིས་བར་ཏོག་དབྱིབས་ནད་རིམས་བཀག་འགོག་དང་། ཚོང་ལས། མ་འཛུགས། ཡུལ་སྐོར་སྤྲོ་འཆམ། རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་ཐོག་ལ་མཉམ་ལས་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག རྒྱ་ནག་གིས་སྐོར་བསྐྱོད་དེར་དགག་བྱ་བྱས་འདུག་ཀྱང་། ཅེག་གི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཡིས་ཅེག་རྒྱལ་ཁབ་ཀྱིས་རྒྱ་ནག་གི་དགག་བྱའི་འོག་ཏུ་མགོ་སྒུར་རྒྱུ་མིན་སྐོར་བརྗོད་འདུག 

གྲོས་ཚོགས་གོང་མའི་ཚོགས་གཙོ་(Milos Vystrcil) ཡིས་ཐའེ་ཝན་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་དང་ཐའེ་ཝན་གྱི་གྲོས་ཚོགས་སུ་གཏམ་བཤད་སྤེལ་རྒྱུ་ཡིན་པ་དང་། ཁོང་ལ་གྲོས་ཚོགས་ནས་ཆེ་མཐོང་གི་གཟེངས་རྟགས་ཤིག་སྤྲོད་འཆར་འདུག དེ་བཞིན་ཁོང་གིས་ཐའེ་ཝན་གྱི་སྲིད་འཛིན་ཚེ་དབྱིང་ཝན་དང་ཐུག་འཕྲད་བྱེད་འཆར་འདུག 

རྒྱ་ནག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཡིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩིས་མེད་བཏང་ཡོད་པས། མཇུག་འབྲས་ཆེན་པོ་མྱོང་རྒྱུ་ཡིན་པ་དང་། སྐོར་བསྐྱོད་དེ་ནི་འཁྲུག་པ་སློང་བྱེད་ཡིན་པ། ཐའེ་ཝན་ནི་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།