རྒྱ་ནག་གི་གཞུང་ཚབ་ཁང་ལ་དྲག་རྒོལ།

ཟླ་འདིའི་ཚེས་༣༠ ཉིན་ཨེ་ཤི་ཡའི་རྒྱལ་ཁབ་ཁིར་གྷི་སི་ཐན་གྱི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ལ་དྲག་རྒོལ་བྱས་འདུག
14169457_1243453595678507_1117219977_nདེ་ཡང་རང་མེད་གཞན་མེད་འབར་གས་མཁན་ཞིག་གིས་རླངས་འཁོར་བཏང་ནས། གཞུང་ཚབ་ཀྱི་རྒྱལ་སྒོ་ཞིག་གཏོར་ཏེ་ནང་དུ་འཛུལ་ཡོད་འདུག་པ་དང་། གཞུང་ཚབ་ཁང་གི་དཀྱིལ་དུ་གཞུང་ཚབ་ཀྱི་སྡོད་གནས་འགྲམ་དུ་རླངས་འཁོར་དེ་འབར་འཐོར་བྱུང་ནས། དྲག་སྤྱོད་པ་དེ་ཤི་བ་དང་། གཞུང་ཚབ་ནང་གི་ལས་མི་ཁེར་གྷི་མི་སེར་གསུམ་ལ་རྨས་སྐྱོན་ཕོགས་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གཞུང་ཚབ་ཁང་གི་བདེ་འཇགས་འགན་འཛིན་གྱིས་གཞུང་ཚབ་ཁང་གི་རྒྱ་མི་ལས་བྱེད་ལ་གནོད་སྐྱོན་གང་ཡང་བྱུང་མེད་སྐོར་འགྲེལ་བརྗོད་བྱས་འདུག རྨས་སྐྱོན་ཕོགས་ཡུལ་གསུམ་ནི་གཞུང་ཚབ་ཁང་དུ་ལས་ཀ་བྱེད་མཁན་ཁེར་གྷི་མི་སེར་ལོ་ན་༡༧ ཡིན་པའི་སྐྱེས་པ་གཉིས་དང་བུད་མེད་གཅིག་ཡིན་འདུག

ད་ལྟའི་ཆར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་སུ་གང་གིས་བྱ་སྤྱོད་དེར་འགན་ལེན་བྱས་མེད་པས།རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ཁེར་གྷི་སི་ཐན་གཞུང་ལ། བྱ་སྤྱོད་དེར་དགག་པ་མཐའ་གཅིག་ཏུ་ཡོད་པ་དང་། བྱ་སྤྱོད་སྤེལ་མཁན་སུ་ཡིན་མིན་བརྟག་དཔྱད་དང་འཇུ་བཟུང་བྱས་ཏེ་ཉེས་ཆད་ཆེན་པོ་གཏོང་དགོས་སྐོར་བརྗོད་འདུག

ཁེར་གྷི་སི་ཐན་གཞུང་གིས་རྒྱལ་ཁབ་དེའི་མི་སེར་༥༠༠ ལྷག་ཁ་ཆེ་ཨ་ཡི་སི་སི་འཇིགས་སྐུལ་ཚོགས་པར་འཛུལ་ཡོད་སྐོར་བརྗོད་འདུག་པ་དང་། དེ་སྔོན་ཡུ་རོབ་ཏུར་ཀིའི་གནམ་ཁང་དུ་དྲག་རྒོལ་བྱས་ནས་མི་༤༤ གསོད་མཁན་གྱི་དྲག་སྤྱོད་པ་གསུམ་ལས་གཅིག་ནི་ཁེར་གྷི་མི་སེར་ཡིན་འདུག
འདས་པའི་ལོ་ཟླའི་ནང་རྒྱལ་ཁབ་དེར་རྒྱ་མི་ལ་དྲག་སྤྱོད་ཀྱི་དམིགས་འབེན་བྱེད་མྱོང་ཡོད་པ་དང་། ཕྱི་ལོ་༢༠༠༠ ལོར་རྒྱ་མིའི་ལས་བྱེད་ཅིག་བསད་ཡོད་པས། རྒྱ་གཞུང་གིས་དྲག་སྤྱོད་དེ་ཡུ་གུར་དྲག་སྤྱོད་པས་བྱས་ཡོད་སྐོར་གྱི་ཉེས་འཛུགས་བྱས་ཡོད་འདུག

དེ་བཞིན་ཕྱི་ལོ་༢༠༡༤ ལོར་ཁེར་གྷི་སི་ཐན་གྱི་མཐའ་མཚམས་དམག་མིས་མི་༡༡ མཐའ་མཚམས་བརྒལ་ཐབས་བྱེད་སྐབས་བསད་ཡོད་པ་དང་། དེ་དག་ནི་རྒྱ་ནག་ལ གྱེན་ལངས་བྱེད་མཁན་ཡུ་གུར་མི་རིགས་ཡིན་པར་ངོས་འཛིན་བྱས་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།