རྒྱ་ནག་གི་གཞོན་སྐྱེས་ཚོས་རྐང་འཁོར་དམག་དཔུང་ཞེས་པའི་ལས་འགུལ་ཞིག་སྤེལ་གྱི་འདུག
ད་ཆར་རྒྱ་ནག་གི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ནས་གནས་ཚུལ་ཐོན་བཞིན་ཡོད་པ་དང་། དེ་བཞིན་དཔལ་འབྱོར་ཉམས་པའི་རྐྱེན་གྱིས་གཞོན་སྐྱེས་མཐོ་སློབ་ཐོན་མཁན་ཚོ་ལ་ལས་ཀ་མི་རག་པའི་དཀའ་ངལ་ཡང་ཆེན་པོ་འཕྲད་བཞིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ན་གཞོན་ཚོས་ཉིན་རེའི་འགྲོ་གྲོན་ཉུང་དུ་གཏོང་ཆེད་རྐང་འཁོར་དམག་དཔུང་ཞེས་པའི་ལས་འགུལ་སྤེལ་བས། གཞུང་གིས་དབང་འཛིན་ཚོས་ལས་འགུལ་དེ་ཁ་ཕྱོགས་གཞན་ཞིག་ལ་འགྲོ་རྒྱུའི་ཉེན་ཁ་མཐོང་ནས་བཀག་འགོག་བྱེད་ཀྱི་ཡོད་འདུག
ཕྱི་ཚེས་༡༡ ཉིན་ (Reuters) གསར་ཁང་གིས་རྒྱ་ནག་གི་བརྒྱུད་ལམ་ཁག་གིས་བཤད་པའི་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོ་ཕྱི་ཟླ་༦ ནང་རྒྱ་ནག་གི་ན་གཞོན་བུད་མེད་བཞི་ཡིས་རྐང་འཁོར་བཞོན་ནས་ཧེ་ནན་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་ཤོས་(Zhengzhou) ཀྲེང་ཀྲོའུ་ནས་རྒྱ་ནག་གི་རྒྱལ་ས་རྙིང་པ་དང་། མོག་མོག་གིས་སྙན་གྲགས་ཆེ་བའི་ཀཻ་ཧྥེང་(Kaifeng) གྲོང་ཁྱེར་བར་ཞོགས་ཟས་བཟའ་བར་འགྲོ་རྒྱུའི་ལམ་སྲོལ་ཞིག་གི་སྐོར་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་རྗེས། ལམ་སྲོལ་དེ་རྒྱ་ནག་གི་ན་གཞོན་ཁྲོད་དར་ཁྱབ་ཆེན་པོ་ཆགས་ཡོད་འདུག དུས་དེ་ནས་བཟུང་ཉིན་རེ་བཞིན་གཞོན་སྐྱེས་ཇེ་མང་དུ་ཕྱིན་ནས་བདུན་ཕྲག་སྔོན་མ་གཟའ་པ་སངས་ཉིན་གྱི་མཚན་མོར་གྲོང་ཁྱེར་དེ་དག་གི་གཞུང་ལམ་ཡོངས་རྫོགས་གཞོན་སྐྱེས་རྐང་འཁོར་བཞོན་མཁན་རྣམས་ཀྱིས་བཀག་ནས་རྒྱུན་ལྡན་འགྲིམ་འགྲུལ་པ་ཚོའི་རླངས་འཁོར་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་བརྗོད་འདུག གཞོན་སྐྱེས་རྐང་འཁོར་བཞོན་མཁན་ཞིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་བཀོད་པའི་གནས་ཚུལ་ནང་། གཟའ་པ་སངས་ཉིན་གྱི་མཚན་མོའི་རྐང་འཁོར་དམག་དཔུང་ནི་ངོ་མཚར་ཅན་ཞིག་རེད། ལམ་ཁ་གཉིས་ཕྱེ་ཡོད་ཀྱང་ད་དུང་མི་མང་དྲགས་ནས་རྐང་འཁོར་དམག་དཔུང་གིས་ལམ་ཁ་བཞི་ཡོངས་རྫོགས་བཟུང་འདུག་ཅེས་བྲིས་ཡོད་འདུག
ཁོ་ཚོས་དེ་ལྟར་བྱེད་དགོས་དོན་ནི་རྒྱ་ནག་ནང་ད་ཆར་ལས་ཀའི་གོ་སྐབས་དཀོན་པོ་དང་གླ་ཕོགས་དམའ་བོའི་དུས་སྐབས་ཡིན་པས་གཞོན་སྐྱེས་ཚོས་དམག་མི་ལྟར་སྤྱི་སྤྱོད་རྐང་འཁོར་བེད་སྤྱོད་བྱས་ནས་གང་ཐུབ་ཀྱིས་འགྲོ་གྲོན་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་འདུག (CGM)ཟེར་བའི་རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་ཞིག་གིས་བརྗོད་དོན་ལ་བདུན་ཕྲག་སྔོན་མ་གཟའ་མཇུག་ཉིན་སློབ་མ་སྟོང་ཕྲག་མང་པོས་རྐང་འཁོར་བཞོན་ནས་གཞུང་ལམ་ནང་འགྲུལ་བཞུད་བྱས་ཡོད་པ་དང་། དེ་ཡང་སྤྱི་ཚོགས་དྲྭ་ལམ་ཐོག་བརྗོད་གཞི་གཙོ་བོ་ནི་ན་གཞོན་དུས་སྐབས་ནི་རིང་ཐང་བྲལ་བ་ཞིག་ཡིིན་པ་དང་། དུས་སྐབས་དེར་སྤྲོ་པོ་བྱེད་དགོས་ཞེས་བཀོད་ཀྱི་ཡོད་པ་བརྗོད་འདུག ལས་འགུལ་འདི་ལམ་ལྷོང་ཡོང་དོན་གཙོ་བོ་ནི་རྐང་འཁོར་རེ་ལ་ཟླ་རེར་ཨ་སྒོར་༡.༩༥ ཙམ་གྱིས་གླ་ཐུབ་ཀྱི་ཡོད་འདུག་པའི་རྐྱེན་གྱིས་ཡིན་འདུག རྐང་འཁོར་བཞོན་མཁན་ཚོས་བཞག་པའི་པར་རིས་ནང་། གཟའ་སྤེན་པའི་ཉིན་ཀཻ་ཧྥེང་གྲོང་ཁྱེར་དཀྱིལ་དུ་རྐང་འཁོར་སྟོང་ཕྲག་མང་པོས་ཁེངས་པ་མཐོང་རྒྱུ་ཡོད་འདུག
ལས་འགུལ་སྐབས་རྒྱུན་ལྡན་གྱི་སྤྱི་སྤྱོད་རླངས་འཁོར་འགྲུལ་བཞུད་པ་ཚོ་ཚོད་འཛིན་དང་བཀག་འགོག་བྱེད་པ་ཙམ་མ་ཟད། རྐང་འཁོར་གླ་གཏོང་བྱེད་མཁན་ཚོང་ཁང་ཆེ་ཤོས་(Hellobike)ཧེ་ལོ་རྐང་འཁོར་དང་། (DiDi Bike)ཌི་ཌི་རྐང་འཁོར། (Mobile)མོ་བྷེལ་བཅས་ཀྱིས་གལ་ཏེ་ས་མཚམས་ངེས་ཅན་ལས་བརྒལ་ན་ཁོ་ཚོའི་རྐང་འཁོར་རང་འགུལ་གྱིས་བཀག་འགོག་བྱ་རྒྱུ་ཡིན་པ་བསྒྲགས་ཡོད་འདུག་པ་དང་། བརྒྱུད་ལམ་ཁག་གིས་སློབ་མ་ཚོར་ད་དུང་ན་ཚོད་ལོན་དགོས་པའི་རང་ཚོད་བཟུང་ནས་འདུག་ན་ཡག་ཚུལ་གྱི་སྐུལ་མ་བྱེད་མཁན་ཡང་ཡོད་འདུག་ལ། ན་གཞོན་ཚོས་རང་དབང་རྗེས་འབྲངས་བྱས་ནས་རང་འདོད་ལྟར་བྱེད་པ་ནི་དོན་མེད་ཡིན་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དཔྱད་གཏམ་ནང་བཀའ་བཀྱོན་ཡང་བཏང་ཡོད་འདུག བརྒྱུད་ལམ་གཞན་ཞིག་གི་འགོ་བརྗོད་དུ་ཀཻ་ཧྥེང་ལ་དལ་པོར་འབྱོར་ནས་ཞིབ་ཚགས་ངང་རོ་མྱང་བྱེད་འོས་པའི་གནས་ཤིག་རེད་ཅེས་བྲིས་འདུག རྒྱ་ནག་གི་དབང་འཛིན་པ་ཚོས་གློ་བུར་དུ་འདུ་འཛོམས་བྱེད་པའི་བྱ་སྤྱོད་དེ་ལ་བརྟེན་ནས་གཞན་དག་གི་མི་མང་འདུ་འཛོམས་ལའང་དམ་དྲག་བྱེད་ཡོད་ཀྱི་ཡོད་འདུག
ཟླ་སྔོན་མར་ཚོང་འབྲེལ་ལྟེ་གནས་གྲོང་ཁྱེར་(Shangha)ཧྲང་ཧེ་ནང་(Halloween)ཧ་ལོ་ཝིན་དགའ་སྟོན་སྐབས་དུ་ཉེན་རྟོག་པས་༢༠༢༣ ལོའི་(Halloween)ཧ་ལོ་ཝིན་དགའ་སྟོན་ལྟར་ཡང་བསྐྱར་མི་ཡོང་བའི་ཆེད་དུ་སྟོབས་ཤུགས་ཆེན་པོས་ཐོག་ནས་མི་མང་ཐོག་དམ་དྲག་ཆེན་པོ་བྱས་ཡོད་འདུག ཕྱི་ལོ་༢༠༢༣ ལོར་དུས་ཆེན་(Halloween)ཧ་ལོ་ཝིན་དགའ་སྟོན་སྐབས་སུ་དགོད་བྲོའི་རྣམ་པའི་ཐོག་ནས་མི་འགའ་ཤས་ཀྱིས་ཚོང་རའི་གནས་སྟངས་དང་། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ། ཏོག་དབྱིབས་ནད་ཡམས་བཀག་སྡོམ་སོགས་ཀྱི་གནད་དོན་ལ་འཕྱ་སྨོད་བྱེད་པའི་ཆས་གོས་གྱོན་ཡོད།
གསར་འགོད་པ། བསོད་ནམས་ཕུན་ཚོགས།