རྒྱ་ནག་གི་གསར་འགོད་པ་གསུམ་རྒྱ་གར་ནས་ཕྱིར་ཕུད།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་གསུམ་ལ། རྒྱ་གར་གཞུང་གིས་ཐོངས་མཆན་གྱི་དུས་ཚོད་ཕྱིར་འགྱངས་བྱེད་རྒྱུ་མིན་པར། ཟླ་འདིའི་མཇུག་ཏུ་རྒྱ་གར་ནས་ཕྱིར་འགྲོ་དགོས་པའི་བརྡ་བཏང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༥ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་ས་གནས་ལྡི་ལི་དང་མུམ་བྷེ་རུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་བརྒྱུད་ལམ་ཤིན་ཧྭ་གསར་ཁང་གི་རྒྱ་རིགས་གསར་འགོད་པ་གསུམ་གྱིས། རྒྱ་གར་ལྷོ་ཕྱོགས་སུ་བོད་པའི་ལས་འགུལ་བ་ཁ་ཤས་དང་རྒྱ་གར་གཞུང་གི་ཆོག་མཆན་མེད་པར་ཐུག་པར། རྒྱ་གར་གཞུང་གིས་ཤེས་རྟོགས་བྱུང་ནས། ཁོ་ཚོ་གསུམ་གྱི་ཐོངས་མཆན་དུས་ཚོད་ཕྱིར་འགྱངས་བྱེད་རྒྱུར་མོས་མཐུན་མ་བྱས་པར། ཟླ་མཇུག་ཏུ་རྒྱ་གར་ནས་འགྲོ་དགོས་པའི་བརྡ་བཏང་ཡོད་འདུག བརྒྱུད་ལམ་ཁག་ཅིག་ཏུ་གསར་འགོད་པ་ཚོས་མིང་གཞན་པ་ཁུར་ནས་ལས་ཀ་བྱེད་དུ་སོང་བའི་རྒྱུ་མཚན་གྱིས་ཡིན་སྐོར་ཡང་འཁོད་འདུག
ད་ལྟའི་ཆར་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་དེ་དང་འབྲེལ་ནས་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་པ་དང་། རྒྱ་གར་གྱིས་གནས་ཚུལ་དེའི་རྒྱུ་མཚན་འགྲེལ་བཤད་བརྒྱབ་མི་འདུག་ཀྱང་། ཤིན་ཧྭ་གསར་ཁང་ལ་ཁོ་ཚོ་གསུམ་གྱི་ཚབ་ཏུ་གསར་འགོད་པ་གཞན་གསུམ་གཏོང་ཆོག་སྐོར་བརྗོད་ཡོད་འདུག
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྒྱལ་སྤྱིའི་དུས་བབ་(Global Times) ཐོག་ཏུ་རྩོམ་སྒྲིག་པས། གལ་ཏེ་གནས་ཚུལ་དེ་རྒྱ་ནག་གིས་རྒྱ་གར་རྡུལ་ཕྲན་མཚོན་ཆའི་ཚོགས་པའི་ཚོགས་མིར་ཞུགས་པར་དགག་པ་བྱས་པར་བརྡ་ལེན་ཡིན་ཚེ། མ་འོངས་པར་མཇུག་འབྲས་ཡག་པོ་ཡོང་མི་སྲིད་སྐོར་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།