རྒྱ་ནག་གི་གསར་འགོད་པ་དོལ་རྒྱལ་རྗེས་འབྲང་པར་ཐུག་ཡོད་འདུག

རྒྱ་ནག་གི་གསར་འགོད་པ་གསུམ་ལ་རྒྱ་གར་གཞུང་གིས། ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་ནས་ཕྱིར་ཐོན་དགོས་པའི་བརྡ་ལན་བཏང་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཁོང་གསུམ་གྱིས་བོད་མི་དོལ་རྒྱལ་རྗེས་འབྲང་པ་ཁ་ཤས་ལ་ཐུག་ཡོད་པས་ཡིན་འདུག
13874730_1217459748277892_1797134047_nདེ་ཡང་ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་Deccan Herald དང་ Economic Times གཉིས་ཀྱི་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་གསུམ་གྱིས། མིང་བརྫུན་མ་བེད་སྤྱོད་བཏང་ནས་ལོ་འདིའི་ཟླ་༤ པ་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་སྦེལ་ཀོབ་དང་མོན་གྷོ་ཊི་གཉིས་སུ་ཕྱིན་ནས། དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་དང་ཐུག་ཡོད་འདུག་པ་དང་། གནས་ཚུལ་དེ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་བ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་གསུམ་གྱི་ཐོངས་མཆན་གྱི་དུས་ཚོད་ཕྱིར་འགྱངས་མ་བྱས་པར། ཟླ་འདིའི་ཟླ་མཇུག་ཏུ་རྒྱ་གར་ནས་ཕྱིར་ཐོན་བྱེད་དགོས་པའི་བརྡ་ལན་བཏང་ཡོད་འདུག དེ་སྔོན་གནས་ཚུལ་དེ་ཐོག་མར་བརྒྱུད་ལམ་ཁག་ཏུ་ཐོན་སྐབས་སུ། རྒྱ་གར་བརྒྱུད་ལམ་ཁག་ཏུ་ཁོང་གསུམ་གྱིས་མིང་བརྫུན་མ་བེད་སྤྱོད་བཏང་ནས། རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་བོད་མིའི་ལས་འགུལ་ཁ་ཤས་དང་ཐུག་ཡོད་སྐོར་བཀོད་ཡོད་པ་རེད་དེ། ཟླ་འདིའི་ཚེས་༢༨ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་གཉིས་ཀྱི་ཐོག་ཏུ། དེ་ལྟར་མིན་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།
ད་ལྟའི་ཆར་རྒྱ་གར་གཞུང་གིས་གནས་ཚུལ་དེ་དང་འབྲེལ་ནས་རྒྱུ་མཚན་གསལ་པོ་འགྲེལ་བཤད་བརྒྱབ་མེད་པ་དང་། ཤིན་ཧྭ་གསར་ཁང་ལ་གསར་འགོད་པ་དེ་གསུམ་གྱི་ཚབ་ཏུ་གསར་འགོད་པ་གཞན་གཏང་ན་འགྲིག་གི་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། ཤིན་ཧྭ་གསར་ཁང་གིས་ད་བར་ལས་ཚབ་གསར་འགོད་པ་བཏང་མེད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་རྒྱལ་སྤྱིའི་དུས་བབ་(Global Times) ཐོག་ཏུ་རྩོམ་སྒྲིག་པས། གལ་ཏེ་གནས་ཚུལ་དེ་རྒྱ་ནག་གིས་རྒྱ་གར་རྡུལ་ཕྲན་མཚོན་ཆའི་ཚོགས་པའི་ཚོགས་མིར་ཞུགས་པར་དགག་པ་བྱས་པར་བརྡ་ལན་ཡིན་ཚེ། མ་འོངས་པར་མཇུག་འབྲས་ཡག་པོ་ཡོང་མི་སྲིད་སྐོར་བྲིས་འདུག དེ་བཞིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ཏུ། རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པ་མང་པོ་ཞིག་ཕྱིར་འབུད་བྱས་ཡོད་པས། རྒྱ་གར་དང་རྒྱ་ནག་བར་ལ་གསར་འགོད་རང་དབང་གི་གནས་སྟངས་སྐོར་བསྡུར་ཐབས་མེད་པ། དེ་བཞིན་དེ་སྔོན་ཤིན་ཧྭ་གསར་ཁང་གི་ལས་བྱེད་རྙིང་པ་ཞིག་གིས་ཤིན་ཧྭ་གསར་འགོད་པ་ཚོར་སྐབས་རེ་རྒྱ་གཞུང་གི་ཆེད་དུ་སོ་བ་བྱེད་པའི་ལས་ཀ་སྤྲོད་ཀྱི་ཡོད་པ་བརྗོད་མྱོང་སྐོར་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།