རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་ལ་རྒྱལ་ཁ་འཐོབ་བཞིན་པར་བཀག་འགོག་བྱེད་རྒྱུ་གལ་ཆེན་ཡིན་པར་བརྗོད།

ད་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་ཀྱི་ཁྱབ་ཚད་ནི་འཛམ་གླིང་ནང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་གསུམ་བསྡོམས་ཀྱང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཁྱབ་ཚད་ལྡབ་མང་པོས་ཆེ་བར་འགྱུར་བཞིན་ཡོད་པར་བརྟེན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་བཀག་འགོག་བྱེད་རྒྱུ་གལ་ཆེན་ཡིན་པར་སྲིད་ཟུར་ནས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༡༣ ནས་༡༥ བར་ཡུ་རོབ་ཁུལ་གྱི་(Czesh republice)ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)པེ་རག་གི་ནང་དུ་གླེང་སྟེགས་༢༠༠༠ ཟེར་བ་ཞིག་ཚོགས་ཡོད་པ་དང་དེའི་ཐོག་སྲིད་ཟུར་བློ་བཟང་སེང་གེ་ནས་གཏམ་བཤད་གནང་ཡོད་འདུག་པ་དང་། འདི་ལོའི་གླེང་སྟེགས་དེའི་བརྗོད་གཞི་ནི་དམངས་གཙོ་ཡི་གདོང་ལེན་དང་དམངས་གཙོ་བརྟན་པོ་ཡོད་པ་ར་སྤྲོད་བྱེད་པ་ཞེས་བཞག་ཡོད་འདུག ཕྱི་ཚེས་༡༤ ཉིན་བརྗོད་གཞི་དེའི་ནང་གསལ་དུ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་མཉམ་འབྲེལ་དང་སྟོབས་ཤུགས་གསར་པ་ཞེས་པ་ཞིག་གི་སྐོར་གླེང་སློང་བྱས་ཡོད་འདུག་ཅིང་། གསར་འགྱུར་བརྒྱུད་ལམ་ཁག་ནང་བལྟས་ན་ཉིན་དེར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་མཁས་དབང་དང་སློབ་དཔོན་ཆེན་མོ་གཏམ་བཤད་གནང་མཁན་བཞི་ཕེབས་ཡོད་འདུག

མཁས་དབང་བཞི་དེ་ཡིས་གཏམ་བཤད་སྐར་མ་༤༠ ཙམ་གནང་རྗེས། ཚོགས་བཅར་བ་ཚོས་དྲི་བ་དང་རང་རང་གི་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཡོད་འདུག་པར་བརྟེན། སྲིད་ཟུར་བློ་བཟང་སེང་གེ་ནས་ད་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་གི་ཁྱབ་ཚད་དེ་ཧ་ཅང་ཆེན་པོར་འགྱུར་བཞིན་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་གི་དྲིལ་བསྒྲགས་དེ་འཛམ་གླིང་ནང་ཧ་ཅང་གིས་ཁྱབ་ཚད་མཐོན་པོ་ཆགས་བཞིན་ཡོད་པས་དེ་དག་བཀག་འགོག་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་གསུངས་གནང་སོང་། 

སྲིད་ཟུར་ནས་ད་ཆར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དེ་ཚོའི་ཁྱབ་ཚད་དེ་འཛམ་གླིང་ནང་གསར་འགྱུར་བརྒྱུད་ལམ་ཆེ་ཤོས་(BBC)སྦི་སྦི་སི་དང་ཨ་རྗེ་ཛེ་ར་(AJ Jazeera) སི་ཨན་ཨེ་(CNA)གསུམ་མཉམ་དུ་བསྡོམས་པ་ལས་མང་བ་ཡོད་པ་དང་། (BBC)སྦི་སྦི་སི་ངོ་དེབ་ཐོག་རྗེས་འབྲང་བ་ས་ཡ་༡༦ ཙམ་དང་ཨ་རྗེ་ཛེ་ར་(AJ Jazeera)་ལ་ས་ཡ་༢༠ ཙམ། སི་ཨན་ཨེ་(CNA)ས་ཡ་༣༠ ཙམ་ལས་མེད། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་(CGTN )སི་ཇེ་ཏྲི་ཨནེ་གཅིག་པོའི་ངོ་དེབ་ནང་རྗེས་འབྲང་བ་ས་ཡ་༡༢༤ ཡོད་པ་དང་། དེ་བཞིན་(xihua)ཤིན་ཧཱ་གསར་ཁང་ལ་ཡང་དེ་བཞིན་རྗེས་རྗེས་འབྲང་བ་མང་པོ་ཡོད། རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་གཅིག་ཀྱང་རྒྱ་ནག་ནང་དུ་གཏོང་གི་མེད་ཀྱང་། རྒྱ་ནག་གིས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་བེད་སྤྱོད་བྱས་ནས་རྒྱ་ནག་གི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་བཞིན་ཡོད་པ་མ་ཟད། འཛམ་གླིང་ནང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཁྱབ་ཚད་དེ་ཆེ་ཤོས་སུ་གྱུར་ནས་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ཁྱབ་ཚད་ནི་འཛམ་གླིང་ནང་ཧ་ཅང་གིས་རྒྱ་ཆེན་པོར་འགྱུར་བཞིན་ཡོད། 

དམིགས་བསལ་ཨ་ཧྥི་རི་ཀའི་གླིང་ཕྲན་ནང་མི་འབོར་བརྒྱ་ཆ་༤༠ ནས་༥༠ བར་གྱི་མི་མང་ཚང་མས་རྒྱ་ནག་གི་གསར་འགྱུར་ལྟ་བཞིན་ཡོད་པར་བརྟེན། ད་ཆར་འཛམ་གླིང་ནང་རྒྱ་ནག་གི་དྲིལ་བསྒྲགས་འགོག་ཐབས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། དམིགས་བསལ་རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་བྱས་ནས་རྒྱ་ནག་རང་གི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་བཞིན་ཡོད་ཅིང་། རྒྱ་ནག་གི་བརྒྱུད་ལམ་དེ་དག་གི་བརྒྱུད་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལོག་པ་དེ་འདྲ་བྱས་ནས་མི་མང་ཁྲོད་ཤུགས་རྐྱེན་ངན་པ་ཞིག་ཡོང་བཞིན་ཡོད་པར་བརྟེན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་དག་བཀག་འགོག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཆགས་ཤིག་ཡོད་པར་གསུངས་སོང་།

གསར་འགོད་པ། བསོད་ནམས་ཕུན་ཚོགས།