རྒྱ་ནག་གི་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པས་ཊོམ་གྱིས་གསར་ཁང་སྒོ་བརྒྱབ་པའི་བྱ་སྤྱོད་ལ་བསྟོད་བསྔགས་བྱས་འདུག

 འདི་གའི་གསར་ཁང་གིས་སྒྲིག་སྦྱོར་བྱས།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་མཚན་མོར་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་ལྷན་ཁང་ཁག་ཅིག་གི་འགྲོ་གྲོན་ཉུང་དུ་གཏོང་དགོས་པ་དང་། འགའ་ཤས་མེད་པ་བཟོས་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་ལྷན་ཁང་(USAGM)ཡང་ཚུད་ཡོད་འདུག་ཅིང་། རྒྱལ་སྤྱིའི་གསར་འགྱུར་ལྷན་ཁང་དེའི་ཁོངས་སུ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་། ཡོ་རོབ་རླུང་འཕྲིན་ཁང་བཅས་ཚུད་ཡོད་འདུག་པས། རླུང་འཕྲིན་ཁང་དེ་དག་བཀག་འགོག་བྱས་པར་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པས་སྲིད་འཛིན་ཊོམ་ལ་བསྔགས་བརྗོད་བྱས་འདུག 

ཕྱི་ཚེས་༡༨ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་གོ་ལའི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པས་ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་བཀག་པར་བསྟོད་བསྔགས་བཏང་ཡོད་པར་བཀོད་འདུག་པ་བཞིན།  གོ་ལའི་དུས་བབ་ནང་དུ་གནས་ཚུལ་བཀོད་དོན། ཨ་རིའི་རླུང་འཕྲིན་ཁང་དེ་ཕྱི་ལོ་༡༩༤༢ ལ་གསར་འཛུགས་བྱས་ཡོད་ཅིང་། གྲངས་དམག་གི་དུས་སྐབས་སུ་ཨ་རིའི་ལྟ་བ་དང་ལངས་ཕྱོགས་འཛམ་གླིང་ཁྱོན་ཡོངས་ལ་སྐད་ཡིག་༤༠ ནང་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་མཁན་གྱི་ལག་ཆ་གཙོ་བོ་ཡིན་པ་དང་། དམིགས་བསལ་རང་དབང་དང་དམངས་གཙོ་གལ་ཆེན་ཡིན་ཚུལ་བཤད་ནས་ཨ་རི་ནི་བཟང་སྤྱོད་ཀྱི་ཐོག་ནས་གཞན་ལས་མཐོ་བ་དང་གཟི་བརྗིད་ཆེ་བ་ཡིན་ཚུལ་གྱི་སྣང་བརྙན་དྲིལ་བསྒྲགས་ཆེན་པོ་བྱས་ཡོད། འོན་ཀྱང་། ད་ཆར་རླུང་འཕྲིན་ཁང་དེ་དག་གི་བདག་དབང་དང་བྱ་སྤྱོད་སོགས་ལ་དྲི་བ་དང་སྐྱོན་བརྗོད་ཆེན་པོ་ཡོང་གི་ཡོད་ལ། ཨ་རིའི་རླུང་འཕྲིན་དང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་། ཡོ་རོབ་རླུང་འཕྲིན་ཁང་བཅས་ནི་(Wasgington)ཝ་ཤིན་ཊོན་གྱི་འདོད་དོན་སྒྲུབ་ཐབས་དང་། རང་ལ་མཚན་སྙན་རག་ཐབས། རྒྱལ་ཁབ་གཞན་གྱི་ལྟ་བ་དང་ལངས་ཕྱོགས་སོགས་ཝ་ཤིན་ཊོན་དང་མི་མཐུན་ན་སྐྱོན་བརྗོད་བྱེད་རྒྱུ་ནི་ཁོང་ཚོའི་གཞི་རྩའི་དམིགས་ཡུལ་ཡིན་པ་རེད་ཅེས་སྐྱོན་བརྗོད་དང་འབྲེལ། སྲིད་འཛིན་ཊོམ་གྱིས་གོ་ལའི་ཁྱོན་ཡོངས་ལ་རྫུན་གཏམ་སྤེལ་མཁན་དང་། འཁྱོག་བཤད་བྱེད་མཁན། རྩོད་རྙོག་བཟོ་མཁན། ཟིང་ཆ་སློང་མཁན་གྱི་གསར་ཁང་དག་རྩ་མེད་བཟོས་ཡོད་པ་རེད་ཅེས་བསྟོད་བསྔགས་བཏང་ཡོད་པར་བཀོད་འདུག

དེ་བཞིན་གཟའ་ཟླ་བའི་ཉིན་གོ་ལའི་དུས་བབ་རྩོམ་སྒྲིག་པ་ཟུར་པ་(Hu Xijin)ཟེར་བ་དེས་ཀྱང་དེ་ལྟར་བཀོད་ཡོད་འདུག་ལ། གོ་ལའི་དུས་བབ་ཀྱིས་རླུང་འཕྲིན་ཁང་དེ་དག་གིས་རྒྱ་ནག་ནང་གི་ཡུ་གུར་རང་སྐྱོང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་མེད་ཚུལ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གིས་རྩོད་རྙོག་བཟོ་ཡི་ཡོད་ཚུལ། ཐའེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་པ། ཧོང་ཀོང་ནང་གི་ཟིང་འཁྲུག་ལ་རྒྱབ་སྐྱོར་བྱས་པ། ཏོག་དབྱིབས་ནད་དུག་རྒྱ་ནག་གིས་བཟོས་ཡོད་ཚུལ་སོགས་རྒྱ་ནག་ལ་སྐྱོན་བརྗོད་ཚང་མ་རླུང་འཕྲིན་ཁང་དེ་དག་གིས་བརྗོད་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག་པ་དང་། ད་དུང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་གཅིག་རྒྱ་ནག་ཏུ་ཡོང་ནས། ཕྱིས་སུ་མི་དེས་ཨ་རིའི་རླུང་ཁང་གིས་གནས་ཚུལ་སྤེལ་བ་དེ་དག་ཚང་མ་དངོས་ཡོད་གནས་ཚུལ་དང་འགལ་ཟླ་རེད་འདུག་ཅེས་བཤད་ཡོད་ཚུལ་དྲངས་འདུག 

དེ་བཞིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། སྤྱིར་བཏང་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགྱུར་ཁྱབ་ཚད་ཧ་ཅང་ཆེན་པོ་ཡིན་པ་དང་། ཚོད་དཔག་བྱས་ན་བདུན་ཕྲག་གཅིག་ནང་གི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་གོང་གསལ་སྐད་ཡིག་འདྲ་མིན་ཚང་མའི་ནང་ཡོད་པ་དག་ལ། ལྟ་མཁན་ཁྱོན་བསྡོམས་ས་ཡ་༣༦༠ ཙམ་དང་། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལ་ལྟ་མཁན་ཁྱོན་བསྡོམས་ན་ས་ཡ་༦༠ ཙམ་ཡོད་པ་དང་། 

ཐེངས་འདིར་སྲིད་འཛིན་ཊོམ་གྱིས་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་བཀག་དགོས་དོན་ནི་སྲིད་འཛིན་ཊོམ་སྲིད་འཛིན་དུས་ཡུན་དང་པོའི་སྐབས་སུ་ནས་ཨ་རིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་དེ་དག་གི་ཁྲོད་ནས་ཨ་རིའི་རླུང་འཕྲིན་ཁང་གིས་ཊོམ་ལ་སྐྱོན་བརྗོད་ཆེན་པོ་བྱས་པའི་ཡིན་ཚུལ་བརྗོད་འདུག་ལ། དེ་བཞིན་ཨ་རིའི་སྤྱི་མཐུན་ཚོགས་པའི་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Brian Mast)ཟེར་བ་དེས་ཨ་རིའི་རླུང་འཕྲིན་ཁང་ནས་ཨེ་སི་རེལ་དང་པ་ལི་སི་ཐན་གཉིས་ཀྱི་རྩོད་རྙོག་སྐོར་གླེང་སློང་ཤུགས་ཆེན་བྱས་པ་དེ་འགྲིགས་མེད་པའི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པར་བརྗོད་འདུག འོན་ཀྱང་། ཨ་རིའི་དམངས་གཙོ་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱིས་ཊོམ་སྲིད་གཞུང་གིས་རླུང་འཕྲིན་ཁང་དེ་དག་བཀག་པ་ནི་རྒྱ་ནག་གཙོས་པའི་གཅིག་བསྡུའི་དབང་འཛིན་པ་ཚོ་ལ་རྫུན་གཏམ་བཤད་རྒྱུའི་གོ་སྐབས་སྤྲད་ཡོད་ཅིང་། སྲིད་གཞུང་དེ་དག་གི་དབང་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་མི་མང་ཚོ་ལ་མཚོན་ན་ཧ་ཅང་གིས་བློ་ཕམ་སྐྱེ་དགོས་པ་ཞིག་རེད་ཅེས་ཊོམ་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་མཁན་དུ་མ་ཡོད་པ་དང་། དེ་བཞིན་རླུང་འཕྲིན་ཁང་དེ་དག་བཀག་པ་ནི་གསར་འགོད་རང་དབང་ལ་དོ་ཕོག་བཏང་ཡོད་པར་སྐྱོན་བརྗོད་བྱེད་མཁན་དུ་མ་ཡོད་འདུག  

གསར་འགོད་པ། བསོད་ནམས་ཕུན་ཚོགས།