རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེ་རུ་ཏོག་དབྱིབས་ནད་དུག་ཁྱབ་གདལ།
ཟླ་འདིའི་ཚེས་༢༧ ཉི་སྦི་སྦི་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེ་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། ཏོག་དབྱིབས་སྔོན་འགོག་ཆེད་མི་འབོར་ས་ཡ་༢༥ ལྷག་ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་དེ་སྒོ་རྒྱ་སྡོམ་རྒྱུའི་གསལ་བསྒྲགས་བྱས་ཡོད་འདུག
རྒྱ་ནག་གི་དཔལ་འབྱོར་ཚོང་ར་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་གྲོང་ཁྱེར་ཧྲང་ཧེ་ལ་ཏོག་དབྱིབས་ནད་དུག་གསུམ་པ་(Omicron) ཉིན་རེ་བཞིན་ཁྱབ་གདལ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་སྔོན་འགོག་ཆེད་མི་འབོར་ས་ཡ་༢༥ ལྷག་ཡོད་པའི་གྲོང་ཁྱེར་དེའི་དཔལ་འབྱོར་སྲ་བརྟན་ཡོང་ཆེད་སྒོ་རྒྱ་སྡོམ་རྒྱུ་ལ་འཛེམས་ཟོན་བྱེད་བཞིན་ཡོད་ཀྱང་། གཟའ་སྤེན་པའི་ཉིན་ཏོག་དབྱིབས་ནད་དུག་ཁྱབ་ཚད་ཀྱི་གྲངས་འབོར་ཇེ་མང་འགྲོ་བཞིན་ཡོད་པའི་དབང་གིས་སྒོ་རྒྱ་སྡོམ་དགོས་བྱུང་ཡོད་འདུག
གྲོང་ཁྱེར་སྲིད་གཞུང་གིས་སྐད་འཕྲིན་དྲ་རྒྱ་ཐོག་སྤེལ་བའི་གནས་ཚུལ་ནང་། མི་མང་རྣམས་ཀྱིས་སྲིད་གཞུང་གྱི་ལས་བྱེད་པའི་ལས་ཀར་རྒྱབ་སྐྱོར་དང་། བསམ་ཤེས། མཉམ་འབྲེལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། ད་རེས་ཀྱི་སྒོ་རྒྱ་སྡོམ་རྒྱུའི་ཐོག་རིམ་པ་གཉིས་ལ་ཕྱེ་ཡོད་པས། གྲོང་ཁྱེར་ཤར་ཕྱོགས་སུ་གནས་པ་རྣམས་ཕྱི་ཟླ་༣ ཚེས་༢༨ ནས་བཟུང་ཕྱི་ཟླ་༤ ཚེས་༡ བར་ལ་སྒོ་རྒྱ་སྡོམ་རྒྱུ་དང་། གྲོང་ཁྱེར་ནུབ་ཕྱོགས་སུ་གནས་པ་རྣམས་ཕྱི་ཟླ་༤ ཚེས་༡ ནས་༥ བར་ལ་སྒོ་རྒྱ་སྡོམ་རྒྱུ་ཡིན་ལུགས་དང་། དེ་བཞིན་སྤྱི་དམངས་ཀྱི་སྐྱེལ་འདྲེན་དང་། ཚོང་ལས། བཟོ་གྲྭ་ཁག་བཅས་གནས་སྐབས་རིང་ལས་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག
དེ་བཞིན་རྒྱ་ནག་གཞུང་འབྲེལ་ལས་བྱེད་པས་བརྗོད་དོན་ལ། ཧྲང་ཧེ་གྲོང་ཁྱེར་ནི་རྒྱ་ནག་གི་ཚོང་ལས་རྟེན་གཞི་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ད་རེས་གྲོང་ཁྱེར་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེ་ཤོས་སུ་གྱུར་ཡོད་པ་མ་ཟད། ཉིན་རེ་བཞིན་ནད་དུག་ཕོག་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་དང་། ད་ལྟ་རྒྱ་ནག་ཤར་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་གྲུ་ཁའི་འགག་སྒོ་དང་དཔལ་འབྱོར་གྱི་སྟེ་གནས་ཁག་མུ་མཐུད་ནས་ལས་ཀ་བྱེད་དགོས་སྐོར་དང་། ད་རེས་སྒོ་རྒྱ་སྡོམ་རྒྱུ་དེ་ནི་གྲོང་ཁྱེར་ཕྱེད་ཀ་ཡིན་པས་དེ་མིན་ཕྱེད་ཀ་རྣམས་མུ་འཐུད་ནས་ལས་ཀ་བྱེད་རྒྱུ་ཡིན་པ་བརྗོད་འདུག
དེ་བཞིན་དེ་སྔོན་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཡོངས་སུ་འགོག་རྒྱུ་ཡིན་པས། སྲིད་ཇུས་དེ་མུ་མཐུད་ལག་བསྟར་བྱེད་བཞིན་པར་རྒྱ་ནག་མི་མང་ནང་མོས་མཐུན་མེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་ས་ཁུལ་ཏུང་པེ་ནང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་པའི་དྲ་བརྙན་ཞིག་སྤྱི་ཚོགས་དྲ་རྒྱའི་ཐོག་ཐོན་ཡོད་པ་དང་། ཏོག་དབྱིབས་ནད་དུག་འོག་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་མང་དག་ཅིག་ལ་ཉིན་རེའི་འཚོ་སྡོད་དཀའ་ངལ་འཕྲད་བཞིན་པའི་དབང་གིས་སྲིད་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག །
གསར་འགོད་པ། བསྟན་འཛིན་ཆོས་གྲགས།