རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་མི་མང་གིས་ངོ་རྒོལ་བྱས་འདུག

ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་མང་པོའི་ནང་མི་མང་གིས་ངོ་རྒོལ་གྱིི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༤ ཉིན་ཤིན་ཅང་གི་ཤར་ཕྱོགས་སུ་ཡོད་པའི་ཡུ་རོམ་ཆི་(Urumqi) ཞེས་པའི་གྲོང་ཁྱེར་ནང་ཐོག་བརྩེགས་ཁང་ཆེན་ཞིག་ལ་མེ་སྐྱོན་ཤོར་ནས་མི་བཅུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་མི་དགུ་ལ་རྨས་སྐྱོན་ཕོག་ཡོད་འདུག གྲོང་ཁྱེར་དེ་ནི་མི་མང་ས་ཡ་༤ ལྷག་གི་སྡོད་གནས་ཆགས་ཡོད་པ་མ་ཟད། ད་བར་སྒོ་རྒྱ་བསྡམས་ནས་ཉིན་གྲངས་བརྒྱ་ལྷག་ཕྱིན་ཡོད་འདུག མེ་སྐྱོན་ཤོར་བའི་གནས་ཚུལ་དེ་བྱུང་རྗེས་མི་མང་བརྒྱ་ཕྲག་མང་པོ་གྲོང་ཁྱེར་དེའི་སྲིད་གཞུང་གི་ལས་ཁུངས་མདུན་ལ་ཡོང་ནས་སྒོ་རྒྱ་བསྡམས་རྒྱུ་མཚམས་འཇུག་བྱེད་དགོས་ཞེས་ངོ་རྒོལ་བྱས་ཡོད་འདུག་ལ། གནས་ཚུལ་དེ་བྱུང་ནས་ཉིན་གཅིག་གི་རྗེས་དྲྭ་ཐོག་ཏུ་མི་མང་ས་ཡ་༨༠༠ ལྷག་གིས་དོ་སྣང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༦ ཉིན་ཧྲང་ཧེ་ལ་ཡང་མེ་སྐྱོན་ཁྲོད་དུ་འདས་གྲོངས་སུ་ཕྱིན་པ་དག་གི་དོན་དུ་བཞུ་མར་ཕུལ་ནས་མྱ་ངན་བྱས་ཡོད་པ་མ་ཟད། ལས་འགུལ་བ་དག་གིས་ཞི་ཅིང་ཕིང་། མར་བོབས་ཤིག དམར་ཤོག་ཚོགས་པ། མར་བོབས་ཤིག་ཅེས་འབོད་སྒྲ་བསྒྲགས་ནས་ངོ་རྒོལ་བྱས་ཡོད་འདུག་ལ། སྐབས་དེར་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཞིག་ཀྱང་ས་གནས་ཉེན་རྟོག་པས་རྡུང་རྡེག་བཏང་བ་དང་། ལག་ལྕགས་བརྒྱབ་ནས་འཛིན་བཟུང་བྱས་ཡོད་ཀྱང་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༢༧ ཉིན་ཁྲེང་ཏུའུ་(Chengdu) གྲོང་ཁྱེར་དུ་ཡང་མི་མང་གིས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་མི་མང་ཚོས་ང་ཚོ་ལ་མི་ཚེ་གང་པོ་དབང་སྒྱུར་བྱེད་མཁན་མི་དགོས་ལ། ང་ཚོ་ལ་གོང་མ་ཞིག་དགོས་ཀྱི་མི་འདུག་ཅེས་བརྗོད་ནས་ངོ་རྒོལ་བྱས་ཡོད་འདུག་ལ། ཉིན་དེ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་དང་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་དུ་སློབ་མ་དང་མི་མང་ཚོས་ངོ་རྒོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༨ ཉིན་གྱི་ཞོགས་པ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྡེ་ཚན་ཁག་གཉིས་ཀྱི་མི་མང་ཁྱོན་བསྡོམས་༡༠༠༠ ལྷག་གིས་ང་ཚོ་ལ་ཁ་རས་མི་དགོས་རང་དབང་དགོས། ང་ཚོ་ལ་བརྟག་དཔྱད་མི་དགོས་རང་དབང་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་ངོ་རྒོལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པའི་དབང་གིས་རྒྱ་ནག་གི་གྲོང་ཁྱེར་དང་གཙུག་ལག་སློབ་གཉེར་ཁང་མང་པོའི་ནང་སྲིད་བྱུས་དེ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ལས་འགུལ་བ་མང་པོས་ང་ཚོ་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་ཀྱི་རང་དབང་དགོས་སོགས་འབོད་ཚིག་སྣ་ཚོགས་ཤིག་སྒྲོབ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།