རྒྱ་ནག་གི་གློག་བརྙན་ཁང་རྣམས་བསྐྱར་དུ་སྒོ་ཕྱེ་འདུག
འཛམ་གླིང་ནང་གི་གློག་བརྙན་ཁྲོམ་ར་ཆེ་ཤོས་ནི་རྒྱ་ནག་ཡིན་པ་དང་། ད་ལྟའི་ཆར་དཔལ་འབྱོར་བསྐྱར་གསོའི་ལས་འགུལ་དང་འབྲེལ་ནས་གློག་བརྙན་ཁང་རྣམས་བསྐྱར་དུ་སྒོ་ཕྱེ་མགོ་བཙུགས་འདུག
ཟླ་༧ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་གློག་བརྙན་འཛིན་སྐྱོང་ལས་ཁང་གིས། ཏོག་དབྱིབས་ནད་དུག་གི་གནས་སྟངས་ཚབས་ཆུང་ཡིན་པའི་ས་གནས་ཁག་གིས། ཚེས་༢༠ ནས་བཟུང་གློག་བརྙན་ཁང་རྣམས་སྒོ་ཕྱེ་ཆོག་པའི་གསལ་བསྒྲགས་སྤེལ་འདུག་པ་དང་། རྒྱ་ནག་གི་ས་ཆ་ཕལ་ཆེ་བས་གློག་བརྙན་ཁང་སྒོ་འབྱེད་སྲིད་པ་རེད་འདུག
དེ་ཡང་རྒྱལ་སྤྱིའི་ནང་གློག་བརྙན་གྱི་ཁྲོམ་ར་ཆེ་ཤོས་གཉིས་པ་དེ་རྒྱ་ནག་ཆགས་ཀྱི་ཡོད་པས། རྒྱལ་སྤྱིའི་ནང་གི་གློག་བརྙན་བཟོ་སྐྲུན་པ་མང་པོ་ཞིག་གིས། རྒྱ་ནག་གི་ཁྲོམ་ར་ལོངས་སུ་སྤྱོད་ཆེད་དུ་རྒྱ་ནག་དབུས་གཞུང་གི་སྲིད་བྱུས་དང་ལངས་ཕྱོགས་ལ་དོ་ཕོག་མི་འགྲོ་བ་གང་ཡོང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཏོག་དབྱིབས་ནད་དུག་དེ་རྒྱ་ནག་ནས་ཐོག་མར་ཐོན་རྐྱེན། འདས་པའི་ཟླ་བ་༦ ལས་མང་བའི་རིང་གློག་བརྙན་ཁང་རྣམས་སྒོ་བརྒྱབ་ཡོད་པ་དང་། མང་པོ་ཞིག་གཏན་དུ་སྒོ་རྒྱག་དགོས་པ་ཆགས་ཡོད་འདུག
ཕྱི་ལོ་༢༠༡༩ ལོར་རྒྱ་ནག་ནས་གློག་བརྙན་ཁང་ཁག་ནས་ཨ་སྒོར་ཐེར་འབུམ་༩.༢ ཀྱི་ཡོང་འབབ་བྱུང་འདུག་ཀྱང་། ད་ལྟའི་ཆར་རྒྱལ་སྤྱིའི་གློག་བརྙན་མང་པོ་ཞིག་འགྲེམས་སྤེལ་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་ཁར། མང་པོ་ཞིག་དྲ་ཐོག་ཏུ་འགྲེམས་སྤེལ་བྱེད་བཞིན་ཡོད་པས། འདི་ལའི་ཡོང་འབབ་ཧ་ཅང་ཉུང་དུ་འགྲོ་རྒྱུ་ཡིན་འདུག
དེང་གི་ཆར་ལྟད་མོ་བ་མང་པོ་ཞིག་གིས་གློག་བརྙན་རྣམས་དྲ་ཐོག་ནས་བལྟ་ཡི་ཡོད་པས། མ་འོངས་པར་གློག་བརྙན་ཁང་གི་དགོས་པ་ཡང་ཆུང་དུ་འགྲོ་ཉེན་ཡོད་ཀྱང་། རྒྱ་ནག་ནང་དུ་རྒྱལ་སྤྱིའི་གློག་བརྙན་གང་དྲ་ཐོག་ཏུ་བལྟ་རྒྱུ་ཡོད་པ་ཆགས་མིན་དེ་རྒྱ་ནག་དབུས་གཞུང་ལ་རག་ལུས་ཡོད་པས། ཤུགས་རྐྱེན་དེ་མུ་མཐུད་དུ་གནས་སྲིད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།