རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཅིག་དམག་སྒར་ནང་བེད་སྤྱོད་བྱེད་པའི་ཆོག་མཆན།
འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་ཐོག་ཞིབ་འཇུག་དང་བཟོ་སྐྲུན་གྱི་འགྲན་སྡུར་ཆེན་པོ་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གི་དམག་གི་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཅིག་བེད་སྤྱོད་བྱེད་པའི་ཆོག་མཆན་སྤྲད་འདུག

ཟླ་༦ པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་དམག་གི་སྒྲིག་འཛུགས་ཀྱི་སྨན་གྱི་ཚན་རིག་བསྟི་གནས་ཁང་ནང་ཡོད་པའི་(Beijing Institute of Biotechnology) དང་སྔོན་འགོག་སྨན་ཁབ་ཚོང་ལས་ཁང་(CanSino)གཉིས་ཀྱིས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་(Ad5-nCoV)ལ། རྒྱ་ནག་གི་དབུས་དམག་ལྷན་ཚོགས་ཀྱིས་སྨན་ཁབ་དེ་ལོ་གཅིག་རིང་དམག་མིར་བེད་སྤྱོད་བྱེད་པའི་ཆོག་མཆན་སྤྲད་ཡོད་འདུག དེ་ཡང་སྔོན་འགོག་སྨན་ཁབ་དེ་བེད་སྤྱོད་བྱེད་པར་བདེ་འཇགས་དང་ནུས་པ་གང་འཚམ་ཐོན་གྱི་ཡོད་པ་ར་སྤྲོད་བྱུང་རྗེས་ཆོག་མཆན་འདི་ཐོབ་པ་ཡིན་སྐོར་བསྒྲགས་འདུག་ལ། སྨན་ཁབ་དེ་ཁེ་ན་ཌ་ནང་དུ་ཡང་མིའི་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ་ཡོད་འདུག
དེ་ཡང་ད་ལྟའི་ཆར་རྒྱ་ནག་གི་ཚོང་ལས་ཁང་དང་ཚན་རིག་བསྟི་གནས་ཁང་སོགས་ནས་བཟོ་སྐྲུན་བྱས་པའི་ཏོག་དབྱིབས་ནད་དུག་སྨན་ཁབ་བརྒྱད་ལ། མིའི་ཐོག་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་། ད་ལྟའི་ཆར་སྨན་ཁབ་དེ་དམག་མིས་བེད་སྤྱོད་བྱེད་པའི་ཆོག་མཆན་ཐོབ་ཡོད་པ་ལས་ཚོང་འགྲེམས་བྱེད་པའི་ཆོག་མཆན་མེདཌའདུག
རྒྱལ་སྤྱིའི་ནང་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་འོས་གཞི་༡༠༠ ལས་མང་བའི་ཁོངས་ནས། མིའི་ཐོག་བེད་སྤྱོད་བྱས་ཏེ་ཚོད་ལྟ་བྱས་པའི་རིམ་པར་སླེབས་མཁན་སྨན་ཁབ་༡༢ ཙམ་ཞིག་ཡོད་འདུག་པ་དང་། ཚོང་འགྲེམས་བྱེད་པའི་ཆོག་མཆན་ཐོབ་པ་གཅིག་ཀྱང་མེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།